
བི་བི་སི།
ཊར་ཀིའི་སྲིད་འཛིན་ རི་སེབ་ཏ་ཡིབ་ ཨེར་ཌོ་གཱན་གྱིས་ ཁོང་གི་རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཅན་སྦེ་ ལན་ཐེངས་ ༢ རེ་རྐྱབ་པའི་ རྐྱེན་ངན་གྱི་ ཚད་གཞི་དང་བསྟུན་ཏེ་ གཞུང་གིས་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་འབད་ཐབས་ རྩ་ལས་ར་ མ་བྱུང་པའི་ བདེན་ཁུངས་བཀལ་ནུག།
ཊར་ཀི་དང་ སི་རི་ཡའི་ བྱང་ཕྱོགས་ལུ་ ས་ཡོམ་རྐྱབ་མི་དེ་གིས་ ཉུང་ཤོས་ར་ མི་གྲངས་ ༡༦,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ བརྟག་ཞིབ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ གློ་བུར་གྱི་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་མེད་པའི་ཁར་ གློ་བུར་གྱི་ ཞབས་ཏོག་ཚུ་ཡང་ དུས་ཚོད་ཁར་ བྱིན་མ་ཚུགས་པས་ཟེར་ཨིན་པས།
སྲིད་འཛིན་ཨེར་ཌོ་གཱན་གྱིས་ གཞུང་ལུ་ དཀའ་ངལ་དག་པ་ཅིག་ བྱུང་ཡོད་རུང་ ད་རེས་ གནས་སྟངས་དེ་ ལེགས་ཤོམ་ཡོད་ལུགས་སྦེ་ བཤད་མི་ལུ་ ལྡོག་ཕྱོགས་སྲིད་ཚོགས་ གཙོ་བོའི་འགོ་ཁྲིདཔ་ ཀེ་མཱལ་ཀ་ལི་ཌ་རོག་ལུ་གིས་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྐྱེན་ངན་དེ་གི་ འགན་ཁུར་དེ་ སྲིད་འཛིན་ཨེར་ཌོ་གཱན་ ཉག་གཅིག་ལུ་ ཕོག་ཟེར་བཤད་ནུག།
སྲིད་འཛིན་གྱི་ ཁ་ཐུག་ལས་ དེ་བཟུམ་མའི་ གནས་སྟངས་ནང་ མི་མང་ག་ར་གིས་ གཅིག་བསྒྲིལ་ཐོག་ལུ་ གནས་དགོཔ་ཨིན་རུང་ སྲིད་དོན་གཙོ་བོར་བཟུང་སྟེ་ ཁ་ཉེས་བཀལ་མི་དེ་ སེམས་ཁར་མ་འཐད་པའི་ བློ་ཨིན་པས་ཟེར་ བཤད་ཡོདཔ་ཨིན་པས།
ད་རེས་ མི་སྟོང་ཕྲག་ལས་བཅད་དེ་ གནས་སྟངས་བསིལ་དྲགས་ནང་ ཉིན་ཞག་ ༣ འགྱོ་དོ་ཡོདཔ་ད་ འཛམ་གླིང་སྤྱི་ཚོགས་ གསོ་བའི་ལས་ཚོགས་ཀྱིས་ དེ་བཟུམ་མའི་ གནས་སྟངས་ནང་ ད་རུང་ཡང་ ཤི་རྐྱེན་འབྱུང་སྲིད་ནི་ཨིན་པའི་ ཉེན་བརྡ་འབད་ནུག།
ཤུགས་ཚད་ ༧.༨ འབད་མི་ ས་ཡོམ་དེ་ སྤྱི་ཟླ་ ༢ པའི་ཚེས་ ༦ གི་དྲོ་པར་ རྐྱབ་ཡོདཔ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ མི་མང་ལེ་ཤ་ཅིག་གི་ ཚེ་སྲོག་ལུ་ བར་ཆད་བྱུང་ཡོདཔ་མ་ཚད་ སྒྲིང་ཁྱིམ་དང་ རྒྱུ་དངོས་མང་རབས་ཅིག་ལུ་ཡང་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today :
Users Yesterday :
This Month :
This Year :
Total Users : 1391944
Views Today :
Total views : 5000
Who's Online :