ས་སྣུམ་གྱིས་ཕྱུག་པའི་ ནོར་ཝེ་རྒྱལ་ཁབ་ཀྱིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ ༧.༤ གི་གྲོགས་རམ།

ཨེ་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ ས་སྣུམ་གྱིས་ཕྱུག་པའི་ ནོར་ཝེ་རྒྱལ་ཁབ་ཀྱིས་ ད་རེས་ནངས་པར་ དམག་འཁྲུག་ལང་བཞིན་དུ་ཡོད་མི་ ཡུ་ཀེ་རེན་རྒྱལ་ཁབ་ལུ་ ལོ་ངོ་ ༥ གི་དོན་ལས་ ཌོ་ལར་ཐེར་འབུམ་ ༧.༤ དེ་ཅིག་ ཞལ་འདེབས་སྦེ་ བྱིན་ནི་ཨིན་མི་དེ་ ད་ཚུན་གྱི་བར་ན་ ཡུ་ཀེ་རེན་ལུ་ གྲོགས་རམ་བྱིན་མི་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
དེ་འབདཝ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ འཐུས་མི་ ༡༦༩ ཡོད་མི་ ནོར་ཝེའི་སྤྱི་ཚོགས་ལུ་ དངོས་མཐོང་གློག་འཕྲིན་ཐོག་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་བཤད་ནུག།
ཞལ་འདེབས་དེ་གི་སྐོར་ལས་ ནོར་ཝེའི་སྲིད་ཚོགས་ རེཌ་པར་ཊི་ཟེར་མི་གིས་ ཞལ་འདེབས་དེ་གི་ ཆ་ཤས་ཅིག་ མཚོན་ཆའི་དོན་ལུ་ མ་བཏུབ་སྦེ་ བཀག་ཆ་འབད་ཡོད་རུང་ སྲིད་དོན་ཚོགས་པ་ གཞན་ ༡༠ གྱི་ འགོ་ཁྲིདཔ་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ལས་ ཚོགས་རྒྱན་མ་བསྐྱུར་བར་ ཞལ་འདེབས་བྱིན་ནི་ལུ་ ཁ་འཆམས་ཡོདཔ་ཨིན་པས།
ཞལ་འདེབས་ཀྱི་ མ་དངུལ་དེ་ དྲག་པོའི་དམག་སྡེ་དང་ འགྲོ་བ་མིའི་གྲོགས་རམ་ ༢ ཀྱི་དོན་ལུ་ འདྲ་མཉམ་སྦེ་ བགོ་བཤའ་རྐྱབ་ནི་ཨིནམ་ད་ དེ་ཡང་ ལོ་ལྔའི་རིང་ལུ་ ལོ་རེར་ཌོ་ལར་ཐེར་འབུམ་ ༡.༥ རེ་ བགོ་བཤའ་རྐྱབ་སྟེ་ བྱིན་ནི་ཨིན་པས།
དེ་ཡང་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ དམག་འཁྲུག་མ་ལངས་པའི་ཧེ་མར་ ར་ཤི་ཡ་ལས་ ས་སྣུམ་ནང་འདྲེན་འཐབ་མི་ རྒྱལ་ཁབ་ཚུ་གིས་ ད་རེས་ནངས་པར་ ནོར་ཝེ་ལས་ ནང་འདྲེན་འཐབ་ནི་དེ་གིས་ ནོར་ཝེ་དེ་ ཡུ་རོབ་རྒྱལ་ཁབ་ཚུ་གི་གྲས་ལས་ ས་སྣུམ་ཕྱིར་ཚོང་སྦོམ་སྦེ་འཐབ་མི་ རྒྱལ་ཁབ་ཅིག་ལུ་གྱུར་ཏེ་ འོང་འབབ་ཚུ་ ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: