
བི་བི་སི།
ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེ་ ཨེཕ་བི་ཨའི་གི་གཙོ་འཛིན་ ཀི་རིཛ་ཊོ་ཕར་རེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་ཡམས་ཀོ་ཝིཌ་གི་ ནད་འབུབ་དེ་ འགོ་དང་པ་ རྒྱ་ནག་གི་ གཞུང་དབང་བརྟག་དཔྱད་ཁང་ཅིག་ལས་ ཐོན་ཐོནམ་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་ཡང་ ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེ་དེ་གིས་ དུས་ཡུན་རིངམོ་སྦེ་ར་ ནད་ཡམས་ཀྱི་ འབྱུང་ཁུངས་ཚུ་ བརྟག་དཔྱད་འབད་མི་དང་འཁྲིལཝ་ད་ ནད་འབུབ་ཕྱི་ཁར་ ཤོར་མི་དེ་ རྒྱ་ནག་གི་ བརྟག་དཔྱད་ཁང་ཅིག་ལུ་ གནོད་སྐྱོན་ཞུགས་མི་ལས་ ཐོན་ནུག་ཟེར་ཨིན་པས།
ད་རེས་ ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེ་གིས་ ནད་འབུབ་དེ་ འགོ་དང་པ་ ག་ཏེ་ལས་ ཐོན་ཐོནམ་ཨིན་ནའི་སྐོར་ལས་ མི་མང་ལུ་ བརྡ་དོན་གཏན་འཁེལ་སྦེ་ ཁྱབ་སྤེལ་འབད་མི་དེ་ འགོ་དང་པ་ཨིན་པས།
ཨིན་རུང་ རྒྱ་ནག་གིས་འབད་བ་ཅིན་ འུ་ཧཱན་གྱི་ བརྟག་དཔྱད་ཁང་ནང་ལས་ ནད་འབུབ་ཐོན་ཡོད་པའི་ ཁ་ཉེས་བཀལ་མི་དེ་ བདེན་ཁུངས་མེད་ཟེར་ཨིན་པས།
ག་དེ་སྦེ་ཨིན་རུང་ ཡུ་ཨེཛ་གིས་ ནད་འབུབ་ཀྱི་ འབྱུང་ཁུངས་གཏན་འཁེལ་ བཟོ༌ནིའི༌དོན༌ལས༌ བརྟག་དཔྱད་འབད་བའི་སྐབས་ལུ་ རྒྱ་ནག་གིས་ བར་ཆད་ག་དེ་དྲག་དྲག་ རྐྱབ་ཐབས་འབད་ཡོདཔ་སྦེ་ དབྱེ་ཞིབ་ལས་སྡེའི་ གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཞིབ་འཇུག་ལ་ལོ་ཅིག་དང་འཁྲིལཝ་ད་ ནད་འབུབ་དེ་ རྒྱ་ནག་གི་ ས་གནས་འུ་ཧཱན་ལུ་ རྒྱ་མཚོའི་སེམས་ཅན་དང་ རི་དྭགས་སེམས་ཅན་ཚུ་གི་ ཚོང་ཁྲོམ་ནང་ དུད་འགྲོ་སེམས་ཅན་ལས་ མི་ལུ་འབུ་ཡོད་པའི་ བསམ་འཆར་བཀོད་དོ་ཡོདཔ་ད་ ཚོང་ཁྲོམ་དེ་ འུ་ཧཱན་གྱི་ འབུ་སྲིན་ཕྲ་མོའི་ བརྟག་དཔྱད་ཁང་ལས་ སྣུམ་འཁོར་ནང་ སྐར་ཆ་ ༤༠ དེ་ཅིག་ འགྲུལ་བསྐྱོད་འབད་དགོ་པའི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་པས།
ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེའི་ གཙོ་འཛིན་གྱིས་ བརྡ་དོན་དེ་ཡང་ རྒྱ་ནག་ལུ་ཡོད་མི་ ཡུ་ཨེཛ་གཞུང་ཚབ་ཀྱིས་ རྒྱ་ནག་ལུ་ ནད་འབུབ་དེ་ འགོ་དང་པ་ ཁོང་གི་རྒྱལ་ཁབ་ནང་ལས་ ཐོན་ཡོད་མེད་སྦེ་ ཕྲང་སྟེ་སླབ་དགོ་པའི་ བསྐུལ་མ་འབད་བའི་ཤུལ་ལས་ མི་མང་ལུ་ ཁྱབ་སྤེལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 947
Users Yesterday : 1379
This Month : 947
This Year : 229788
Total Users : 941604
Views Today : 2457
Total views : 2741500
Who's Online : 9