རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་ཚུ་ལུ་ གསེར་བཙོང་ནི་གི་ལས་འཆར།

ནོར་བུ་བཟང་མོ།
སྤྱི་ཟླ་ ༣ པའི་ཚེས་ ༡ ལས་ རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་ཚུ་གིས་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ ཁྲལ་ཡངས་ཚོང་ཁང་ནང་ལས་ གསེར་ཚུ་ ཉོ་ཚུགས་ནི་ཨིན་པས།
གསེར་དེ་ཡང་ ཐིམ་ཕུ་ལུ་འབད་བ་ཅིན་ ཆུ་བར་ཆུ་ལུ་ཡོད་མི་ ཁྲལ་ཡངས་ཚོང་ཁང་ནང་ལས་དང་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ གནས་སྐབས་ཅིག་གི་དོན་ལས་ འབྲུག་གི་དངུལ་ཁང་གི་ སྒྲིང་ཁྱིམ་ནང་ཡོད་མི་ ཁྲལ་ཡངས་ཚོང་ཁང་ནང་ལས་ འཐོབ་ཚུགསཔ་ཨིན་པས།
དེ་སྦེ་ གསེར་ཉོ་ནིའི་དོན་ལས་ ལྟ་བཤལཔ་དེ་གིས་ ལྟ་བཤལ་དང་འབྲེལ་བའི་ འགྲུལ་བསྐྱོད་ཡིག་ཆ་ ༢ སྟོན་དགོཔ་བཞིན་དུ་ ཡིག་ཆ་ ༡ པོ་དེ་ ཅ་དམ་ལས་ཁུངས་ལུ་ ཡུན་བརྟན་གོང་འཕེལ་གྱི་ འཐུས་སྤྲོད་པའི་ འབྱོར་འཛིན་དང་ ཡིག་ཆ་གཞན་མི་དེ་ ཁྱད་ཚད་ལྡན་པའི་ ལྟ་བཤལ་བཟའ་ཁང་ནང་ ཉིན་ཞག་ ༡ གི་རིང་ལུ་ སྡོད་ཡོད་པའི་ འབྱོར་འཛིན་སྟོན་དགོཔ་ཨིན་པས།
གསེར་དེ་ཡང་ ལྟ་བཤལཔ་རེ་ལུ་ ག་རམ་ ༢༠ རེ་ བཙོང་ནི་ཨིནམ་ད་ ཁྲལ་ཡངས་ཚོང་ཁང་ཚུ་ལས་ གསེར་གྱི་རིན་གོང་ཐེད་ཁར་ འཛམ་གླིང་ནང་གི་ གོང་ཚད་དང་འཁྲིལ་ཏེ་ བཙོང་ནི་ཨིནམ་ད་ རིན་དངུལ་དེ་ཡང་ ཡུ་ཨེཛ་ཌོ་ལར་སྦེ་ སྤྲོད་དགོ་ནི་ཨིན་པས།
སྤྱིར་བཏང་ལུ་ མི་ལེ་ཤ་ཅིག་གིས་ར་ གསེར་ཚོང་དེ་གིས་ ཚོང་འབྲེལ་ལུ་ ཁེ་ཕན་འབྱུང་ནི་ཨིན་པས་ཟེར་ བཤད་ཡོད་རུང་ ཕུན་ཚོགས་གླིང་ལུ་ཡོད་མི་ བཟའ་ཁང་གི་ ཇོ་བདག་ཚུ་གིས་ ཁོང་གི་གནས་སྟངས་ལུ་ ལེགས་སྒྱུར་ག་དེ་སྦེ་ར་ འཐོན་ཚུགས་ག་མནོ་བའི་ བསམ་འཆར་ཚུ་ བཀོདཔ་ཨིན་པའི་གནས་ཚུལ།

Please follow and like us: