
ནོར་བུ་བཟང་མོ།
སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་ནང་ལས་ འཛིན་གྲྭ་ ༩ པ་ མཐར་འཁྱོལ་མི་ དགེ་སློང་ ༣༠ ལུ་ ཤེས༌ཚད༌ལག་ཁྱེར་ གནང་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་ དེ་ལས་ བཻ་རོ་ཙ་ནའི་ མཆོག་སྤྲུལ་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་དང་ རྒྱལ་སྲས་སྤྲུལ་སྐུ་ འཇིགས་མེད་བསྟན་འཛིན་དབང་པོ་ཚུ་གིས་ཡང་ གྲལ་གཏོགས་མཛད་གནང་ནུག།
དགེ་སློང་ ༣༠ གིས་ ཐིམ་ཕུ་བཀྲིས༌ཆོས༌རྫོང་ནང་ལས་ དེ་སྦེ་ ལག་ཁྱེར་ཞུ་མི་དེ་ འགོ་དང་པ་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་ནང་ ལོ་ངོ་ ༢ ཀྱི་རིང་ལུ་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་དེ་ སྤྱི་ལོ་ ༢༠༢༠ ལུ་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ གསང་སྔགས་གླིང་ཆོས་དེ་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ གཞི་བཙུགས་གནང་ནུག།
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལག་ཁྱེར་གནང་མི་དང་འབྲེལ་ཏེ་ རིག་འཛིན་གྲུབ་པའི་ དགོངས་བཅུད་ཟེར་མི་ ཀི་དེབ་ཅིག་ཡང་ འགོ་འབྱེད་མཛད་གནང་ཡོདཔ་ད་ ཀི་དེབ་དེ་ནང་ འཛིན་གྲྭ་ ༩ པ་ མཐར་འཁྱོལ་མི་ཚུ་གིས་ ཞིབ་འཚོལ་འབད་དེ་ཡོད་མི་ བྲིས་རྩོམ་ཚུ་ཡོདཔ་ཨིན་པས།
ད་རེས་ འཛིན་གྲྭ་ ༩ པ་ཚང་མི་ དགེ་སློང་མང་ཤོས་ཅིག་ར་ ལོ་གསུམ་ཕྱོགས་གསུམ་གྱི་ མཚམས་བཅད་པར་ འགྱོ་ནི་ཨིན་རུང་ ལ་ལུ་ཅིག་གིས་ གཞུང་གྲྭ་ཚང་གི་འོག་ལུ་ཡོད་མི་ སྤེལ་ཁང་དང་ བཤད་གྲྭ་ཚུ་ནང་ སློབ་དཔོན་སྦེ་ ཕྱག་ཞུ་ནི་ཨིན་པའི་གནས་ཚུལ།





Users Today : 771
Users Yesterday : 1379
This Month : 771
This Year : 229612
Total Users : 941428
Views Today : 1895
Total views : 2740938
Who's Online : 4