
པདྨ་དབང་འདུས།
སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཡུ་རོ་པི་ཡཱན་ མ་རྩ་གཞི་བཙུགས་ དངུལ་ཁང་ལྟེ་བའི་ནང་ གཟིགས་སྐོར་གནང་སྟེ་ དངུལ་ཁང་དེ་གི་ སྲིད་འཛིན་འོགམ་ ཀི་རིཛ་པི་ཊར་གྱིས་གཙོས་པའི་ འཐུས་མི་སྡེ་ཚན་གཅིག་ཁར་ གསུང་གྲོས་ཚུ་གནང་ནུག།
མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་རོ་པི་ཡཱན་ མ་རྩ་གཞི་བཙུགས་ དངུལ་ཁང་དང་ འབྲུག་གི་བར་ན་ སྒྲིག་བཀོད་ཆིངས་ཡིག་དེ་ སྤྱི་ལོ་ ༢༠༢༡ ལོར་ ནད་ཡམས་ཀྱི་ གནས་ཡུན་སྐབས་ལུ་ གལ་གནད་ཆེ་བའི་ དཔྱད་ཡིག་ཅིག་སྦེ་ སྤྱི་ཚོགས་ནང་ བཙུགས་ཅི་ཟེར་ཨིནམ་ད་ དེ་ཡང་ འབྲུག་གི་དཔལ་འབྱོར་དེ་ ནད་ཡམས་ལུ་བརྟེན་ཏེ་ ཉམས་ཆག་ཤོར་ཡོདཔ་ལས་ བསྐྱར་གསོའི་དོན་ལུ་ གལ་གནད་ཅན་སྦེ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།.
དེ་ལས་ གཞན་ཡང་ འབྲུག་གིས་ རང་བཞིན་གནས་སྟངས་ལུ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ གཙོ་རིམ་བཀོད་དེ་ཡོད་པའི་སྐོར་ལས་དང་ སླར་བྱུང་ནུས་ཤུགས་ལས་སྡེའི་ནང་ མཐའ་དོན་གྱི་ མདུན་ལམ་ཚུ་གི་སྐོར་ལས་ཡང་ གསལ་བཤད་གནང་ནུག།
སྲིད་འཛིའ་འོགམ་གིས་ དྭངས་གསལ་ཅན་གྱི་ སྒྲིག་བཀོད་དེ་གིས་ ཁོང་གི་དངུལ་ཁང་དང་ འབྲུག་གི་བར་ན་ ལས་སྣ་ཚུ་ དམ་ཟབ་སྦེ་ར་ ལག་ལེན་འཐབ་ནི་དང་ འབྲུག་གི་གཙོ་དོན་དང་ དངུལ་ཁང་དེ་གི་ གཙོ་དོན་ཆ་མཚུངས་ཡོད་མི་ཚུ་གི་སྐོར་ལས་ གཙོ་བོར་སྟོན་ཏེ་ བཤད་ཡོདཔ་མ་ཚད་ འབྲུག་གིས་ ཧེ་མ་ལས་ ཁོང་ལུ་ བརྡ་དོན་སྤྲོད་དེ་ཡོད་མི་ ཉིད་དྲོད་གློག་ཤུགས་དང་ ཆུར་བརྟེན་གློག་ཤུགས་ཚུ་གི་ གྲོས་འཆར་བཀོད་མི་ཚུ་ལུ་ཡང་ ངོས་ལེན་ཡོད་ཟེར་ཨིན་པས། .
ཡུ་རོ་པི་ཡཱན་ མ་རྩ་གཞི་བཙུགས་ དངུལ་ཁང་དང་ འབྲུག་གི་བར་ན་ མཉམ་འབྲེལ་གྱི་ ཐབས་ལམ་ཚུ་དང་འབྲེལ་ཏེ་ ཕན་ཚུན་འབྲེལ་བ་ རྒྱ་སྐྱེད་ཀྱི་སྒོ་ལས་ ལོ་ ༡ གི་ ནང་འཁོད་ལུ་ར་ དངོས་མཐོང་ཅན་གྱི་ གྲུབ་འབྲས་ཚུ་ སྟོན་ནི་ཡོདཔ་སྦེ་ ཕྱག་ལཱ་གནང་ནི་ལུ་ ཞལ་འཆམས་བྱུང་ནུག།
འབྲུག་རྒྱལ་ཁབ་འདི་ ལོ་འདི་ནང་ གོང་འཕེལ་དམའ་ཤོས་འགྱོ་མི་ རྒྱལ་ཁབ་ཀྱི་གྲས་ལས་ གནས་ཚད་ཡར་སེང་འབད་ནི་དེ་ ཡུན་བརྟན་ཅན་ཅིག་ བཟོ་ནི་དང་ ཆུར་བརྟེན་ནུས་ཤུགས་ལས་འགུལ་ཚུ་ནང་ མ་དངུལ་བཙུགས་ཐབས་ལུ་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་དང་གཅིག་ཁར་ མཐུན་ཚོགས་ཅིག་ བཟོ་ནི་གི་ འོས་འབབ་ཀྱི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1389325
Views Today :
Total views : 5000
Who's Online :