ར་ཤི་ཡའི་ ཁ་ཐུག་ལས་ རྒྱ་ནག་གི་ འཆར་གཞི་དེ་གིས་ ཕྱད་མདའ་མཇུག་བསྡུ་ཚུགས་ནི་ཨིན་རུང་ ཡུ་ཀེ་རེན་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ གྲ་འགྲིག་མེད་ལུགས་བཤད་ཡོདཔ།

བི་བི་སི།
ར་ཤི་ཡའི་སྲིད་འཛིན་ ཝལ་ཌི་མིར་ པུ་ཊིན་གྱིས་ ཡུ་ཀེ་རེན་གྱི་དོན་ལས་ རྒྱ་ནག་གིས་ བརྩམས་ཏེ་ཡོད་མི་ ཞི་བདེའི་འཆར་གཞི་དེ་ ཕྱད་མདའ་མཇུག་བསྡུ་ཐབས་ལུ་ གཞི་རྟེན་སྦེ་ ལག་ལེན་འཐབ་ནི་ཨིན་རུང་ ཡུ་ཀེ་རེན་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ གྲ་འགྲིག་འགྱོཝ་ད་མ་གཏོགས་ ལག་ལེན་འཐབ་མི་ཚུགས་ཟེར་ བཤད་ཡོདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ར་ཤི་ཡའི་ སྲིད་འཛིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ དམག་འཁྲུག་དང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་འཆར་གནང་ནིའི་དོན་ལས་ མོཛ་ཀོ་ལུ་ མཇལ་ཕྲད་མཛད་ནུག།
འདས་པའི་ཟླཝ་ནང་ དཔར་བསྐྲུན་འབད་མི་ རྒྱ་ནག་གི་ འཆར་གཞི་དེ་ནང་ ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་ལས་ འཐོན་དགོཔ་སྦེ་ བཀོད་དེ་མེདཔ་ད་ དོན་ཚན་ ༡༢ འབད་མི་ འཆར་གཞི་དེ་ནང་ ཞི་བདེའི་གསུང་གྲོས་དང་ རྒྱལ་ཡོངས་ཀྱི་ རང་དབང་ལུ་ བརྩི་བཀུར་འབད་དགོ་པའི་ དོན་ཚན་ཚུ་མ་གཏོགས་ དམིགས་བསལ་གྱི་ གྲོས་འཆར་ཅིག་ མེདཔ་ཨིན་པས།
ཡུ་ཀེ་རེན་གྱིས་ གསུང་གྲོས་གང་རུང་གི་དོན་ལུ་ ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་ལས་ འཐོན་འགྱོ་དགོ་པའི་ གནས་ཚིག་བཀོདཔ་ཨིན་རུང་ ར་ཤི་ཡ་གིས་ ཆ་གནས་བཞག་ནི་ལུ་ གྲ་འགྲིག་མེདཔ་ཨིན་པས།
དབུ་ཁྲིད་ ༢ ཀྱི་བར་ན་ གསུང་གྲོས་མཇུག་བསྡུ་བའི་ཤུལ་ལུ་ གནས་ཚུལ་ཞལ་འཛོམས་ནང་ པུ་ཊིན་གྱིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་གི་ བྱེལཝ་འཇམ་ཐབས་ལུ་ རྒྱ་ནག་གི་ འཆར་གཞིའི་ནང་ཡོད་མི་ དོན་ཚན་ལེ་ཤ་ཅིག་ར་ གཞི་རྟེན་སྦེ་ ལག་ལེན་འཐབ་ཚུགས་ཟེར་ བཤད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Please follow and like us: