དཱན་ཊག་ལས་འགུལ་དང་ ལྷ་སྐྱིད་ལྕགས་བཟོ་ལས་སྡེའི་བར་ན་ ལྕགས་མཁོ་སྤྲོད་ཀྱི་ ཆིངས་ཡིག་གུ་མིང་རྟགས།

པདྨ་དབང་འདུས།
སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ རྒྱ་གར་ལམ་སེལ་ལས་འགུལ་ དཱན་ཊག་གིས་ ལྷ་སྐྱིད་ལྕགས་བཟོ་སྒེར་སྡེ་ཚད་འཛིན་དང་གཅིག་ཁར་ འབྲུག་ལུ་ བཟོ་བསྐྲུན་ཚུ་གི་དོན་ལས་ ལྕགས་རིགས་མཁོ་སྤྲོད་ཀྱི་ ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་ བཟོ་གྲྭ་གོང་འཕེལ་དང་ འབྲུག་གི་གོང་འཕེལ་ལུ་ ཕན་ནིའི་དོན་ལས་ཨིན་པས།
དཱན་ཊག་ལས་འགུལ་དང་ ལྷ་སྐྱིད་ལྕགས་བཟོ་ལས་སྡེའི་བར་ན་ མཉམ་འབྲེལ་འགོ་བཙུགས་མི་དེ་ འབྲུག་ལུ་ ས་གནས་ཀྱི་ བཟོ་གྲྭ་ཚུ་ ཡར་འཕེལ་ལུ་ རྒྱབ་སྐྱོར་གྱི་དོན་ལས་ དགོས་མཁོ་ཆེ་བའི་ ཐབས་ཤེས་ཅིག་ཨིནམ་ད་ མཉམ་འབྲེལ་དེ་གི་ དམིགས་ཡུལ་དེ་ཡང་ ལྕགས་ཀྱི་འཐོན་སྐྱེད་ ནང་འདྲེན་གྱི་ཚབ་ལུ་ རྒྱལ་ཁབ་ནང་ལས་ར་ སྤུས་ཚད་ཡོད་མི་ ལྕགས་ཀྱི་འཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ཐབས་ལུ་ཨིན་པས།
ཆིངས་ཡིག་དེ་དང་འཁྲིལ་ཏེ་ དཱན་ཊག་ལས་འགུལ་གྱིས་ འབྲུག་རྒྱལ་ཁབ་ནང་ ལག་ལེན་འཐབ་མི་ འཁོར་ལམ་དང་ ཟམ་ དེ་ལས་ གཞི་རྟེན་མཁོ་ཆས་ གཞན་གྱི་རིགས་ཚུ་ བཟོ་བསྐྲུན་གྱི་དོན་ལུ་ དགོས་མཁོ་ཡོད་མི་ ལྕགས་ཀྱི་འཐོན་སྐྱེད་ཚུ་ ལྷ་སྐྱིད་ལྕགས་བཟོ་ལས་སྡེ་གིས་ མཁོ་སྤྲོད་འབད་ནི་ཨིནམ་ད་ ལྕགས་ཀྱི་འཐོན་སྐྱེད་ཚུ་ཡང་ དེང་དུས་ཀྱི་ འཕྲུལ་རིག་དང་ ལཱ་ཆ་ཚུ་ ལག་ལེན་འཐབ་སྟེ་ སྤུས་ཚད་མཐོ་དྲགས་ཡོདཔ་སྦེ་ འབྲུག་ནང་འཁོད་ལུ་ར་ བཟོ་བསྐྲུན་འབད་ནི་ཨིན་པས།
ཆིངས་ཡིག་གུ་ མིང་རྟགས་བཀོད་པའི་སྐབས་ལུ་ དཱན་ཊག་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་གྱི་ངོ་ཚབ་ དམག་སྲིད་པེར་རིཊ་ ར་ཝཱཊ་གིས་ ལྷ་སྐྱིད་ལྕགས་བཟོ་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་འབད་མི་ལུ་བརྟེན་ཏེ་ ང་བཅས་ཀྱིས་ འབྲུག་གི་བཟོ་གྲྭ་ཚུ་ལུ་ རྒྱབ་སྐྱོར་ཐོག་ལས་ གོང་འཕེལ་ལུ་ ཕན་ཐབས་འབད་ནི་ཨིན་པའི་ ཁས་ལེན་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ ང་བཅས་ཀྱིས་ མིང་གཏམ་ཅན་གྱི་ ཚོང་སྡེ་དང་གཅིག་ཁར་ ལཱ་འབད་ནི་ལུ་ དཔའ་ཉམས་བསྐྱེདཔ་མ་ཚད་ ད་རེས་ཀྱི་ མཉམ་འབྲེལ་འདི་གིས་ འབྲུག་གི་མི་སེར་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་འབྱུང་པའི་ ཡིད་ཆེས་ཡང་ཡོད་ཟེར་ དམག་སྲིད་པེར་རིཊ་ ར་ཝཱཊ་གིས་བཤད་ནུག།
ལྷ་སྐྱིད་ལྕགས་བཟོ་ལས་སྡེ་ལས་ ཀརྨ་རྡོ་རྗེ་གིས་ ད་རེས་ དཱན་ཊག་ལས་འགུལ་དང་གཅིག་ཁར་ ཆིངས་ཡིག་བཟོ་མི་དང་འཁྲིལ་ཏེ་ ང་བཅས་ཀྱི་ ཁ་ཐུག་ལས་ དཱན་ཊག་ལས་འགུལ་ལུ་ མཁོ་འདོད་ཡོད་མི་ སྤུས་ཚད་ཅན་གྱི་ ལྕགས་དེ་ཚུ་ མཁོ་སྤྲོད་འབད་ཚུགས་པའི་ རེ་བ་དང་ དཱན་ཊག་ལས་འགུལ་གྱི་ ལས་སྣ་ཚུ་ མཐར་འཁྱོལ་ཅན་སྦེ་ འགྲུབ་ནི་ལུ་ ཕན་ཐོགས་འབྱུང་པའི་ རེ་བ་ཡང་ཡོད་ཟེར་ཨིན་པས།
དཱན་ཏག་ལས་འགུལ་དང་ ལྷ་སྐྱིད་ལྕགས་བཟོ་ལས་སྡེའི་བར་ན་ ཆིངས་ཡིག་གུ་ མིང་རྟགས་བཀོད་མི་དེ་ ས་གནས་ཀྱི་ བཟོ་གྲྭ་གོང་འཕེལ་དང་ དཔ་འབྱོར་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་འཕྲོ་མཐུད་ཡོད་པའི་ མིག་དཔེའི་གཞི་ཅིག་ཨིན་པའི་གནས་ཚུལ།

Please follow and like us: