ཡུ་ཨེཛ་དམག་སྡེའི་གནམ་གྲུ་ ཧེ་ལི་ཀོབ་ཊར་ ཐུག་རྐྱེན་ནང་ དམག་མི་ ༩ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཀེན་ཊ་ཀི་ལུ་ དུས་རྒྱུན་གྱི་ སྦྱོང་བརྡར་འབདཝ་ད་ དམག་སྡེའི་གནམ་གྲུ་ ཧེ་ལི་ཀོབ་ཊར་ ༢ ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ དམག་མི་ ༩ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ཐུག་རྐྱེན་དེ་ཡང་ དམག་སྒར་ཕོརཊི་ ཀེམ་བེལ་གྱི་ སྦོ་ལོགས་ཁར་ ཕྱི་རོའི་ཆུ་ཚོད་ ༡༠ ལུ་ བྱུང་ཡོདཔ་ད་ དེ་བསྒང་ གནམ་གྲུའི་ནང་ ནུབ་མོར་མིག་མཐོང་གི་ མིག་ཤེལ་བཙུགས་མི་ དམག་མི་ ༩ ཡོད་ཟེར་ ཡུ་ཨེཛ་གི་ དམག་སྤྱི་གོངམ་ཅིག་གིས་ བཤད་ཡོདཔ་ཨིན་པས།
ཐུག་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ན་ ཧ་གོ་ཐབས་ལུ་ བརྟག་དཔྱད་འབད་བའི་བསྒང་ཨིན་རུང་ ས་གནས་དེ་ཁར་སྡོད་མི་ཚུ་གིས་ དེ་སྦེ་ ཐུག་རྐྱེན་བྱུང་ཡོད་པའི་ ལོ་རྒྱུས་ཚུ་ ག་ནི་ཡང་ མེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: