
ནོར་བུ་བཟང་མོ།
སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ ལྷག་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ལས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ས་མཚམས་ཁྲོམ་སྡེ་ བསམ་རྩེ་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ ཉིན་ཞག་ ༡ གི་རིང་ལུ་ གཞུང་མིན་ཐོག་ལས་ ལྟ་སྐོར་འབད་བར་ འོང་མི་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ མ་ཕོགཔ་སྦེ་ ཡངས་ཆག་བཏང་ནུག།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༤ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཏེ་ ལོ་ངོ་ ༡ གི་རིང་ལུ་ བཞག་ནི་དང་ དེ་སྦེ་ ཡངས་ཆག་བཏང་མི་དེ་ ངོས་འཛིན་ཅན་གྱི་ ཁྲོམ་སྡེའི་ས་ཁོངས་ནང་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ ལྟ་བཤལཔ་ཚུ་ ངོས་འཛིན་ཅན་གྱི་ ས་ཁོངས་བརྒལ་ཏེ་ འགྱོ་དགོ་པ་ཅིན་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ སྔར་བཞིན་དུ་ ཕོག་ནི་ཨིན་པས།
དེ་ལས་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་འཐོན་འཛུལ་གྱི་ ས་ཁོངས་ནང་ དངུལ་ཀྲམ་ ༡༠ རེ་ སྤྲོད་སྲོལ་ཡོད་མི་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༤ ལས་ ནང་འཛུལ་འབད་མི་ཚུ་ལས་ འཐུས་བསྡུ་ནི་ཨིན་རུང་ འཐོན་འགྱོ་བའི་སྐབས་ལུ་ འཐུས་མི་ཕོག་ཟེར་ གསལ་བསྒྲགས་ནང་བཀོད་ནུག།
གཞུང་མིན་ཐོག་ལས་ ས་མཚམས་ཁྲོམ་ཁར་ ལྟ་སྐོར་འབད་བར་འོང་མི་ ལྟ་བཤལཔ་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དེ་སྦེ་ ཡངས་ཆག་བཏང་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གཞུང་གི་ཁ་ཐུག་ལས་ ས་མཚམས་ཀྱི་ འཛུལ་སྒོ་ཚུ་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ སྒོ་ཕྱེ་བཞག་ནི་སྦེ་ ཐུགས་ཐག་བཅད་མི་དང་བསྟུན་ཏེ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1045
Users Yesterday : 1476
This Month : 39558
This Year : 219461
Total Users : 931277
Views Today : 2962
Total views : 2716563
Who's Online : 9