
ནོར་བུ་བཟང་མོ།
སྤྱི་ཟླ་ ༣ པའི་ཚེས་ ༣ ལུ་ ལུང་ནག་ན་གི་ ས་གནས་ཝ་ཆེ་ཟེར་སར་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུ་ཧེ་ལི་ཀོབ་ཊར་ལུ་ ཐུག་རྐྱེན་བྱུང་མིའི་སྐོར་ལས་ འགོ་ཐོག་ཞིབ་དཔྱད་ མཇུག་བསྡུ་ནུག།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༣༡ ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གིས་ གསལ་སྟོན་འབད་མི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་བ་ཅིན་ གནམ་གྲུའི་སྒྲ་བཟུང་འཕྲུལ་ཆས་དེ་ གནམ་གྲུ་ལུ་ ཐུག་རྐྱེན་མ་བྱུང་བའི་ཧེ་མ་ལས་ རྒྱུན་སྐྱོང་གི་དོན་ལུ་ བཏོན་བཞག་ནུག་ཟེར་ཨིན་པས།
མ་གཞི་ འཕྲུལ་ཆས་དེ་ ཞིབ་དཔྱད་ཀྱི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་པའི་ཁར་ མཐོང་ནུས་འཕྲུལ་ཆས་ ཝི་ཞཱན་ ༡,༠༠༠ ཟེར་མི་དེ་ཡང་ ཐུག་རྐྱེན་མ་བྱུང་པའི་ ཉིནམ་ ༢ ཀྱི་ཧེ་མར་ རྒྱུན་སྐྱོང་གི་དོན་ལུ་ བཏོན་བཞག་ནུག་ཟེར་བཀོད་ནུག།
དེ་བཟུམ་སྦེ་ དུས་ཡུན་སྐར་ཆ་ ༡༥ རེའི་བར་ན་ འགྲུལ་ལམ་ལྟ་རྟོག་དང་ དྲན་ཐོ་འཕྲུལ་ཆས་ཀྱིས་ཡང་ ཐུག་རྐྱེན་མ་བྱུང་པའི་ སྐར་མ་ ༢ ཀྱི་ཧེ་མར་ དྲན་ཐོ་བཞག་མ་ཚུགས་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
གནམ་གྲུ་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ ཐུག་རྐྱེན་བྱུང་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་རུང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཨིནམ་ལས་ གནད་དོན་ཁ་གསལ་ཚུ་ མཐའ་དཔྱད་སྙན་ཞུའི་ནང་ བཀོད་འོང་ཟེར་ཨིན་པས།
ཞིབ་དཔྱད་སྡེ་ཚན་གྱིས་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་དེ་ གསལ་བསྒྲགས་མ་འབད་ཚུན་ དེད་དཔོན་དེ་གིས་ གནམ་གྲུ་གཏང་མ་ཆོགཔ་སྦེ་ བཀག་ཆའི་གྲོས་འདེབས་ཕུལ་ནུག།
དེ་བསྒང་ གནམ་གྲུ་དེ་ བཟའ་ཚང་ ༤ འབག་སྟེ་ སྤུ་ན་ཁ་ལས་ ལུང་ནག་ན་ལུ་ འཕུར་འགྲུལ་འབདཝ་ད་ གློ་བུར་དུ་ ཐུག་རྐྱེན་བྱུངམ་ལས་ ཨའི་དང་ བུམོ་རྨས་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གནམ་གྲུའི་དེད་དཔོན་དང་ མཁའ་འགྲུལཔ་ ༢ ལུ་ཡང་ རྨ་སྐྱོན་བྱུང་ཡོད་པའི་གནས་ཚུལ།





Users Today : 496
Users Yesterday : 1476
This Month : 39009
This Year : 218912
Total Users : 930728
Views Today : 1253
Total views : 2714854
Who's Online : 13