མངོན་མཐོ་ཁྲིམས་འདུན་ལས་ ཐོག་མའི་ཁྲིམས་འདུན་ ༢ ཀྱི་ འཁྲུན་ཆོད་བསྒྱུར་བཅོས།

ད་རེས་ འཕྲལ་ཁམས་ཅིག་ཁར་ མངོན་མཐོ་ཁྲིམས་འདུན་ལས་ ཀྲོང་གསར་སྟག་རྩེ་ མཐོ་རིམ་སློབ་གྲྭའི་ནང་ ལེགས་སྦྱར་བ་ཚུ་གིས་ སློབ་ཕྲུག་བུམོ་ཚུ་ལུ་ བརྡབ་གསིག་འཁྲིག་ཆགས་ཀྱི་ བརྙས་བཅོས་འབད་བའི་ གནད༌དོན༌སྐོར་ལས་ རྫོང་ཁག་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་མི་དེ་ བསྒྱུར་བཅོས་མཛད་ནུག།
དེ༌ཡང༌ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང༌འཁྲིལ༌བ་ཅིན་ ཚེ་རིང་བཀྲིས་དང་ རྡོ་རྗེ་རབ་བརྟན་ ཡོན་ཏན་ནོར་བུ་ ཨ་ལོག་སུ་བྷ་ སངས་རྒྱས་ཚེ་རིང་ བསོད་ནམས་དབང་ཕྱུག་ མཆོད་རྟེན་ཚེ་རིང་བཅས་ མི་ངོམ་ ༧ ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ཐད་ཀར་དུ་ ཉེས་འཛུགས་བཀོད་དེ་མེད་རུང་ སློབ་ཕྲུག་ཚུ་གིས་ ཉོག༌བཤད་བཀོད༌མི༌དང་བསྟུན་ཏེ་ སློབ་དཔོན་ ༧ གྱིས་ སྤྱིར་བཏང་སློབ་དཔོན་གྱི་ ཀུན་སྤྱོད་རྣམ་གཞག་དང་མ་འཁྲིལ་བར་ སློབ་ཕྲུག་བུམོ་ཚུ་གི་ སེམས་རྒྱུད་དཀྲུག་པའི་ བརྡབ་གསིག་འཁྲིག་ཆགས་ཀྱི་ བརྙས་བཅོས་འབད་ནུག་ཟེར་ཨིན་པས།
དེ་འབདཝ༌ལས འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ ༢༠༠༥ ཅན་མའི་ དོན་ཚན་ ༥ པའི་ ནང་གསེས་ཁ་པའི་ དགོངས་དོན་ལྟར་དུ༌ སྐབས་དོན་གྱི་ སྒྲུབ་བྱེད་དང༌འཁྲིལ༌ཏེ་ མ་འོངས་པའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ ཉེན་སྐྱོབ་དང་ བརྡབ་གསིག་བརྙས་བཅོས་ཀྱི་ ལོག་སྤྱོད་སྒྲིག་པའི་ བྱ་སྤྱོད་ཚུ་ སྔོན་འགོག་གི་དོན་ལས་ སློབ་དཔོན་ ༧ ལཱ་གཡོག་ནང་ རང་འཇགས་བཞག་ཐབས་མེད་པའི་ འཁྲུན་ཆོད་གནང་ནུག།
དེ་བཟུམ་མའི་ འཁྲུན་ཆོད་གནང་མི་དེ་ཡང་ པདྨ་དབང་ཕྱུག་དང་ ཕུབ་རྒྱལ་མཚན་ སྟོབས་རྒྱས་ ༣ གྱིས་ ངོས་ལེན་འབད་མི་དེ་ ཁྲུན་ཆོད་བསྟར་སྤྱོད་གྲུབ་ཡོད་མི་ལུ་བརྟེན་ཏེ་ ལཱ་གཡོག་ནང་ རང་འཇགས་བཞག་ཐབས་མེདཔ་མ་ཚད་ དངུལ་ཕོགས་དང་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ བདག་སྐྱོང་གི་ ལམ་ལུགས་དང་བསྟུན་ཏེ་ཨིན་པས།
ཁོང་ ཉེས་འཛུགས་ཅན་ ༣ གྱི་གྲས་ལས་ ཕུབ་རྒྱལ་མཚན་ལུ་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ ཟླ་ངོ་ ༩ དང་ པདྨ་དབང་ཕྱུག་དང་ སྟོབས་རྒྱས་ལུ་ ཟླ་ངོ་ ༣ རེ་ བཀལ་ཡོདཔ་མ་ཚད་ ཉམས་རྒུདཔ་སློབ་ཕྲུག་བུམོ་ ༣ ལུ་ཡང་ རྒུད་འཐུས་དངུལ་ཀྲམ་ ༡༡,༢༥༠ རེ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
ཉེས་ཁྲིམས་དེ་ཡང་ ཕུབ་རྒྱལ་མཚན་གྱིས་ བུམོ་ ༡ ལུ་ འུ་བཀལ་མི་དང་ མཉམ་ཅིག་ཉལ་གེ་ གཉེན་རྐྱབ་གེ་ཟེར་ སླབ་པ་ལུ་བརྟེན་ཏེ་ ཟླ་ངོ་ ༩ གི་ བཙོན་ཁྲིམས་དང་ པདྨ་དབང་ཕྱུག་དང་ སྟོབས་རྒྱས་ ༢ ཀྱིས་ འུ་བཀལ་བ་ལུ་བརྟེན་ཏེ་ ཟླ་ངོ་ ༣ རེའི་ བཙོན་ཁྲིམས་བཀལ་ཡོད་པའི་གནས་ཚུལ།

Please follow and like us: