ཡུ་ཀེ་རེན་གྱི་ བག་མུཏ་ཁྲོམ་ཁར་ ར་ཤི་ཡའི་ དམག་མི་ཚུ་གིས་ རྒྱབ་ཤུད་མེད་པའི་གནོད་འཚུབས།

རོའི་ཊརཛ།
ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལས་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ བག་མུཏ་ཁྲོམ་ཁར་ རྒྱབ་བཤུད་མེད་པའི་ གནོད་འཚུབ་བཀལཝ་མ་ཚད་ ལྷོ་ཕྱོགས་ཀྱི་ ཁེར་སོན་ཁྲོམ་ཁ་ལུ་ཡང་ རྫས་བམ་ཚུ་ བསྐྱུར་ཏེ་ཡོད་ཟེར་ཨིན་པས།
ར་ཤི་ཡའི་ ཁ་ཐུག་ལས་ བག་མུཏ་ཁྲོམ་དེ་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ འཛུལ་ཞུགས་ཀྱི་དོན་ལས་ གལ་ཆེཝ་སྦེ་ བརྩི་དོ་ཡོདཔ་ད་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་བློན་པོ་འོགམ་ ཧ་ན་མལ་ཡར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནོད་འཚུབ་མང་ཤོས་ཅིག་ བག་མུཏ་ཁྲོམ་ནང་ བཀལ་མི་དེ་ཡང་ ས་གནས་གཞན་ཁར་ཡོད་མི་ ར་ཤི་ཡའི་ དམག་མི་ཚུ་ཡང་ ས་གནས་དེ་ཁར་ མཉམ་བསྡབས་འབད་དེ་ ཕྱད་མདའ་རྐྱབ་དོ་ཟེར་ཨིན་པས།
ར་ཤི་ཡའི་ ཝེག་ནར་དམག་སྡེའི་ འགོ་ཁྲིདཔ་གིས་ བདུན་ཕྲག་འདི་ནང་ ཁོང་གི་དམག་མི་ཚུ་གིས་ བག་མུཏ་ཁྲོམ་གྱི་ས་ཆ་ བརྒྱ་ཆ་ ༨༠ དེ་ཅིག་ ཁོང་གི་འོག་ལུ་ ཚུད་དེ་ཡོདཔ་སྦེ་ བཤད་ཡོད་རུང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ མ་བདེནམ་སྦེ་ བཤདཔ་ཨིན་པས།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝཱོལ་ཌི་མིར་ ཟེ་ལེནཛ་ཀི་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ མཛའ་བཤེས་རྒྱལ་ཁབ་ཚུ་ལུ་ མཚོན་ཆ་མངམོ་སྦེ་ བྱིན་དགོ་པའི་ རྒྱུད་བསྐུལ་མ་འབད་དེ་ཡོདཔ་བཞིན་དུ་ མཚོན་ཆ་ཚུ་ འཐོབ་པ་ཅིན་ ཁོང་གི་ཁ་ཐུག་ལས་ གདོང་ལེན་སྦོམ་སྦེ་ར་ ལག་ལེན་འཐབ་ཚུགས་པའི་ ཡིད་ཆེས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: