འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ ཊི་མོར་ལེཛ་ ཨམ་སྲུའི་སྡེ་ཚན་ལུ་ གཱོལ་ ༣ བཙུགས་ཡོདཔ།

ནོར་བུ་བཟང་མོ།
སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ འབྲུག་རྒྱལ་ཡོངས་ཨམ་སྲུའི་ རྐང་རིལ་སྡེ་ཚན་དང་ ཊི་མོར་ལེཛ་ རྒྱལ་ཡོངས་ཨམ་སྲུའི་ རྐང་རིལ་སྡེ་ཚན་གྱི་བར་ན་ རྩེན་དགྲན་འབད་བའི་སྐབས་ལུ་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ གཱོལ་ ༣ བཙུགས་ཡོད་རུང་ ཊི་མོར་ལེཛ་ ཨམ་སྲུ་སྡེ་ཚན་གྱིས་ གཱོལ་ ༡ མ་གཏོགས་ བཙུགས་མ་ཚུགསཔ་ཨིན་པས།
དེ་ཡང་ ཨོ་ལིམ་པིག་ ཨམ་སྲུའི་རྐང་རིལ་རྩེད་འགྲན་ ༢༠༢༤ གི་ རྒྱལ་རྟགས་དོན་ལུ་ མ་ལི་ཤི་ཡའི་རྒྱལ་ས་ ཀོ་ལ་ལམ་པུར་གྱི་ རྒྱལ་སྤྱི་རྐང་རིལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ཡོདཔ་ད་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ དབྱེ་ཁག་ཀ་པའི་ སྡེ་ཚན་ནང་ལས་ སྐུགས་ ༦ ཐོབ་སྟེ་ གོ་རིམ་ ༢ པའི་ནང་ལྷོད་ནུག།
མ་གཞི་ ཨུཛ་བེ་ཀིཛ་ཊཱན་ རྒྱལ་ཡོངས་ཨམ་སྲུའི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ ཨུཛ་བེ་ཀིཛ་ཊཱན་གྱིས་ འབྲུག་པའི་ཨམ་སྲུ་སྡེ་ཚན་ལུ་ གཱོལ་ ༩ བཙུགས་ཡོད་རུང་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ ཇོར་ཌན་རྒྱལ་ཡོངས་ཨམ་སྲུའི་སྡེ་ཚན་དང་ ཊི་མོར་ལེཛ་ རྒྱལ་ཡོངས་ཨམ་སྲུའི་སྡེ་ཚན་ ༢ ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཨོ་ལིམ་པིག་ ཨམ་སྲུའི་རྐང་རིལ་རྩེད་འགྲན་ ༢༠༢༤ གི་ རྒྱལ་རྟགས་དོན་ལུ་ སྐོར་ཐེངས་དང་པའི་ རྩེད་འགྲན་ནང་ ཨེ་ཤི་ཡའི་ རྒྱལ་ཁབ་ ༢༦ ལས་ བཅའ་མར་གཏོགས་དོ་ཡོདཔ་ད་ སྡེ་ཚན་དབྱེ་ཁག་ཀ་པ་ལས་ དབྱེ་ཁག་ཇ་པ་ཚུན་ཡོདཔ་བཞིན་དུ་ དབྱེ་ཁག་ཀ་པ་ལས་ ཅ་པ་ཚུན་ལུ་ རྒྱལ་ཁབ་ ༤ རེ་ ཚུད་ཡོད་རུང་ དབྱེ་ཁག་ཆ་པ་དང་ ཇ་པའི་ནང་ རྒྱལ་ཁབ་ ༣ རེ་ལས་ མེདཔ་ཨིན་པས།
སྡེ་ཚན་ཚུ་ཡང་ དབྱེ་ཁག་ཀ་པའི་ནང་ འབྲུག་དང་ ཇོར་ཌན་ ཊི་མོར་ལེཛ་ ཨུཛ་བེ་ཀིཛ་ཊཱན་གྱི་ ཨམ་སྲུའི་སྡེ་ཚན་ཚུ་ཡོདཔ་ད་ དབྱེ་ཁག་ཁ་པའི་ནང་ མ་ཡན་མར་དང་ ཨི་རཱན་ མལ་དིབཛ་ དེ་ལས་ དབྱེ་ཁག་ག་པའི་ནང་ ཝེཊ་ནམ་དང་ ནེ་པཱལ་ པེ་ལེཛ་ཊན་ ཨཕ་ག་ནིཛ་ཊཱན་ཚུ་ཡོདཔ་ཨིན་པས།
དབྱེ་ཁག་ང་པའི་ནང་ མཐའ་ཡས་ལེན་དང་ མོང་གོ་ལི་ཡ་ སིངྒ་པུར་ ཤྲཱི་ལངྐ་ཚུ་དང་ དབྱེ་ཁག་ཅ་པའི་ནང་ ཕི་ལི་པིནཛ་དང་ ཧོང་ཀོང་ ཏ་ཇི་ཀིཛ་ཊཱན་ པ་ཀིཛ་ཏཱན་ཚུ་ཡོདཔ་ད་ དབྱེ་ཁག་ཆ་པའི་ནང་ ཏ་ཡེ་ཝཱ་དང་ ཨིན་ཌོ་ནེ་ཤི་ཡ་ ལི་བ་ནཱོན་ཚུ་དང་ དེ་ལས་ དབྱེ་ཁག་ཇ་པའི་ནང་ རྒྱ་གར་དང་ ཀ་ཛག་རི་པབ་ལིག་ ཊུར་མི་ནིཛ་ཊཱན་ཚུ་ཡོདཔ་ཨིན་པས།
དབྱེ་ཁག་ ༥ གི་ སྡེ་ཚན་ཚུ་ལས་ རྒྱལ་ཁ་ཐོབ་མི་ ཨམ་སྲུ་སྡེ་ཚན་ཚུ་གིས་ སྐོར་ཐེངས་ ༢ པའི་ནང་ལྷོདཔ་ད་ ཀོ་རི་ཡ་དང་ རྒྱ་པཱན་ ཨཱཛ་ཊེ་ལི་ཡ་ རྒྱ་ནག་ ཀོ་རི་ཡ་ རི་པབ་བི་ལིག་ ཨམ་སྲུའི་སྡེ་ཚན་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
སྐོར་ཐེངས་ ༢ པའི་ནང་ རྩེད་འགྲན་འབད་མི་ སྡེ་ཚན་ཚུ་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ ༣ གདམ་འཐུ་འབད་ཞིནམ་ལས་ སྐུགས་མཐོ་ཤོས་ཐོབ་མི་ སྡེ་ཚན་ ༡ བརྩིས་ཏེ་ མཐའ་བདཔྱད་རྩེད་འགྲན་ འགོ་འདྲེན་མ་འཐབ་པའི་ཧེ་མར་ མཐའ་དཔྱད་འོག་མའི་རྩེད་འགྲན་ འགོ་འདྲེན་འཐབ་ནི་དང་ མཐའ་དཔྱད་འོག་མ་ལས་ མཐར་འཁྱོལ་མི་ སྡེ་ཚན་ ༢ ཀྱི་བར་ན་ པེ་རེཛ་ ༢༠༢༤ ཨམ་སྲུའི་ཨོ་ལིམ་པིག་ནང་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: