
ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ བསྟན་སྤྱིའི་སྐུ་རིམ་ འབྱུང་བ་སྤྱི་མདོས་དེ་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་སྐུ་བགྲེས་ དབུ་བཞུགས་ཐོག་ལས་ དགེ་སློང་ ༢༠༠ ལྷགཔ་ཅིག་གིས་ གནངམ་ཨིན་པས།
དེ་ཡང་ རང་ཟླ་ ༢ པའི་ཚེས་ ༢༠ སྤྱི་ཟླ་ ༤ པའི་ཚེས་ ༡༡ ལས་ འགོ་བཙུགས་ཏེ་ རང་ཟླ་ ༢ པའི་ཚེས་ ༢༩ ཚུན་ ཉིན་གྲངས་ ༩ གི་རིང་ལུ་ འབྱུང་བ་སྤྱི་མདོས་དང་ མི་ཁ་དགྲ་བཟློག་ མཐུན་གསུམ་ བདུན་ཟུར་ སྤར་ཁ་དང་ སྨེ་བའི་དགུ་མིག་ དུར་མིག་ རྒྱལ་མདོས་ བཙན་མདོས་ བདུད་མདོས་ ཀླུ་མདོས་ སྨན་མདོས་ མཚོ་སྨན་དགུ་མདོས་ གནམ་སྒོ་ས་སྒོ་ཚུ་གི་ གསུང་ཆོག་གནངམ་ཨིན་པས།
རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དད་ཅན་ཕོ་མོ་ཚུ་གིས་ རང་སོའི་གཟུགས་ཁ་ལས་ གླུད་འཕྱི་སྟེ་ སྐུ་གླུད་ནང་ བཙུགས་ཞིནམ་ལས་ ཐུགས་སྨོན་གནང་པ་ཅིན་ དུས་ཅི་ གནམ་ལོ་ཆུ་ཡོས་ལོར་ བཟློག་ཐབས་རིམ་གྲོ་ཚུ་ ལོགས་སུ་སྦེ་ བསྒྲུབ་མ་དགོ་པའི་ཁར་ སྲོག་ལུས་དབང་རླུང་ རྒུད་མི་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཐིམ་ཕུ་སྤང་རི་ཟམ་པ་ལུ་ དེ་བཟུམ་མའི་ སྐུ་རིམ་གནང་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ འབྱུང་བཞིའི་གནོད་པ་ཚུ་ཞི་སྟེ་ རྒྱལ་བློན་འབངས་ ༣ ག་ར་ བདེ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་པའི་གནས་ཚུལ།




Users Today : 1471
Users Yesterday : 1650
This Month : 18292
This Year : 181976
Total Users : 539953
Views Today : 2866
Total views : 1698607
Who's Online : 9