
ནོར་བུ་བཟང་མོ།
མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྤྱི་ལོ་ ༢༠༡༨ ལོར་ བཙག་འཐུའི་སྐབས་ལུ་ གནས་ཡུན་ནང་གི་ གྲུབ་འབྲས་ཚུ་གུ་ གཞིར་མ་བརྟེན་པར་ གནས་ཡུན་ ༡ རྐྱངམ་ཅིག་གི་དོན་ལས་ བཅའ་མར་གཏོགས་ནི་ཨིན་ཟེར་ གསུངས་ཡོད་རུང་ ནད་ཡམས་ལུ་བརྟེན་ཏེ་ ལས་སྣ་མང་རབས་ཅིག་ མཇུག་བསྡུ་མ་ཚུགས་པར་ཡོདཔ་ལས་ སྲིད་ཚོགས་ཀྱི་ ཆ་རོགས་ཚུ་གིས་ འཕྲོ་མཐུད་དེ་ར་ སྡོད་དགོཔ་སྦེ་ སླབ་པ་ལུ་བརྟེན་ཏེ་ ཤུལ་མའི་བཙག་འཐུ་ནང་ ལོག་སྟེ་ར་ བཅའ་མར་གཏོགས་ནི་སྦེ་ ཐུགས་ཐག་བཅད་ཅི་ཟེར་ཨིན་པས།
མ་གཞི་ ཧེ་མར་ ག་ཅི་ར་གསུངས་ཏེ་ཡོད་རུང་ མི་སེར་ཚུ་ ལྷུ་ནི་དང་ ཚོགས་རྒྱན་ཐོབ་ཐབས་ལུ་ གསུངས་གསུངམ་མིན་པའི་ཁར་ སྲིད་ཚོགས་ཀྱི་ དུས་ཡུན་ནང་ ནད་ཡམས་བྱུང་པའི་ མནོ་བསམ་ཡང་མེདཔ་ལས་ ཐུགས་ཀྱི་བཟོད་པ་བཞེས་དགོ་ཟེར་གསུངས་ཡི།
དེ་ཡང་ ལོ་ངོ་ ༥ དེ་ ནད་ཡམས་ཀོ་ཝིཌ་-༡༩ ལུ་ གདོང་ལེན་འབད་དེ་ར་ རྫོགས་སོངཔ་ལས་ ལས་སྣ་ལེ་ཤ་ཅིག་ར་ ལག་ལེན་འཐབ་མ་ཚུགས་པར་ ལུས་སོང་ཡི་ཟེར་ཨིནམ་ད་ དེ་འབདཝ་ལས་ སྲིད་ཚོགས་ཀྱི་ འགོ་ཁྲིད་དང་ ཡང་ཅིན་ སྲིད་ཚོགས་གྱི་ འཐུས་མི་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
མི་སེར་ལེ་ཤ་ཅིག་གིས་ར་ ད་རེས་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་ དྲགོས་བསོད་ནམས་ཀུན་དགའ་དེ་ སྲིད་ཚོགས་ཀྱི་ འགོ་ཁྲིདཔ་སྦེ་ རྩིས་ལེན་ནི་ཨིན་པའི་ བསམ་འཆར་བཀོད་མིའི་སྐོར་ལས་ མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ དྲགོས་བསོད་ནམས་ཀུན་དགའ་གིས་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཛུལ་མི་དེ་ལུ་ བསྟོད་བསྔགས་ཡོད་ལུགས་དང་ ད་རེས་ཀྱི་ གནས་ཚད་དང་འཁྲིལཝ་ད་ དྲགོས་བསོད་ནམས་ཀུན་དགའ་ལུ་ སྲིད་ཚོགས་ནང་ གོ་གནས་མཐོ་ཤོས་ཀྱི་ འོས་འབབ་ངེས་པར་དུ་ཡོད་རུང་ སྲིད་ཚོགས་ཀྱི་ འགོ་ཁྲིདཔ་འབད་ནི་ལུ་ ཁ་མ་བཟེད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ དྲག་ཤོས་བསོད་ནམས་ཀུན་དགའ་དེ་ སྲིད་ཚོགས་ཀྱི་ འགོ་ཁྲིདཔ་སྦེ་ བཙག་འཐུ་གྲུབ་ཡར་སོང་རུང་ ཁོ་གི་འོག་ལུ་ ལཱ་འབད་ནི་དེ་ བྱ་སྟབས་བདེ་ར་བདེ་ཟེར་ཨིནམ་ད་ བློན་ཆེན་ཁོ་ར་ ལྷོ་ཐིམ་ཕུའི་ འདེམས་ངོ་འབད་ནི་ལུ་ ཐེ་ཚོམ་མེད་ལུགས་ཚུ་ཡང་ གསུངས་ཡོད་པའི་གནས་ཚུལ།




Users Today : 1209
Users Yesterday : 1867
This Month : 19897
This Year : 183581
Total Users : 541558
Views Today : 1925
Total views : 1701233
Who's Online : 10