འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ད་རུང་ཡང་ རྒྱ་གར་རྒྱལ་ཁབ་ནང་ བཟོ་སྦྱོར་འབད་མི་ གློ་སྨན་ལུ་ཉེན་བརྡ།

བི་བི་སི།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ས་ མར་ཤཱལ་མཚོ་གླིང་དང་ མའི་ཀོར་ནེ་ཤི་ཡ་ལུ་ རྒྱ་གར་རྒྱལ་ཁབ་ནང་ བཟོ་སྦྱོར་འབད་མི་ལུ་ བཙོག་པ་ཞུགས་མི་ གློ་སྨན་ཁུ་བ་ སྡེ་ཚན་ཅིག་མཐོང་ནུག།
རྒྱ་གར་པཱན་ཇབ་ལུ་ ཀིའུ་པི་ཕར་མ་ཀེམ་གྱིས་ བཟོ་སྦྱོར་འབད་མི་ གུ་ཝའི་ཕེ་ནེ་སིན་ ཊི་ཇི་ཟེར་མི་ གློ་སྨན་ཁུ་བའི་དཔེ་ཚད་ བརྟག་དཔྱད་འབད་བའི་སྐབས་ལུ་ གློ་སྨན་དེ་ནང་ རྫས་སྦྱོར་ཌའི་ཐི་ལིན་ ག་ལའེ་ཀཱོལ་དང་ ཨེ་ཐི་ལིན་ ག་ལའེ་ཀཱོལ་ཚུ་ ཚད་ལས་རྒལ་ཏེ་ སླ་བསྲེ་རྐྱབ་ཡོད་པའི་ མཐོང་ཡོདཔ་ད་ རྫས་སྦྱོར་དེ་ ༢ འགྲོ་བ་མི་གིས་ སྤྱོད་པའི་སྐབས་ལུ་ དུག་ལུ་འགྱུར་ཏེ་ ཤི་རྐྱེན་ཡང་ འབྱུང་སྲིད་ཟེར་ཨིན་པས།
ཧེ་མ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་གར་ལུ་ བཟོ་སྦྱོར་འབད་མི་ གློ་སྨན་གཞན་ཚུ་ལུ་བརྟེན་ཏེ་ གམ་བི་ཡ་དང་ ཨུཟ་བེ་ཀིཛ་ཏཱན་གྱི་ ཨ་ལོ་ཚུ་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ ཉེན་བརྡ་སྤེལ་ནུག།
ཀིའུ་པི་ཕར་མ་ཀེམ་གྱི་ འཛིན་སྐྱོང་མདོ་ཆེན་ སུ་དིར་པ་ཐག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་སྡེ་དེ་གིས་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ གནང་བ་ཐོབ་པའི་ཤུལ་ལས་ གློ་སྨན་ཁུ་བ་ དམ་སྦྱི་ ༡༨,༣༤༦ འབད་མི་ཅིག་ ཀམ་བོ་ཌི་ཡ་ལུ་ ཕྱིར་ཚོང་འཐབ་ཡོད་རུང་ མར་ཤཱལ་མཚོ་གླིང་དང་ མའི་ཀོར་ནེ་ཤི་ཡ་ལུ་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ནའི་སྐོར་ལས་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཀམ་བོ་ཌི་ཡ་ལུ་ གློ་སྨན་ནང་འདྲེན་འཐབ་མི་ ལས་སྡེ་ལུ་ སྨན་ཁུ་དེ་གི་སྐོར་ལས་ ཁྲིམས་དོན་ཡི་གུ་ཅིག་ བཏང་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གློ་སྨན་བཟོ་སྦྱོར་འབད་མི་དང་ ཚོང་འབྲེལ་འཐབ་མི་ ལས་སྡེ་གཉིས་ཆ་ར་གིས་ གློ་སྨན་དེ་གི་ ཉེན་སྲུང་དང་ སྤུས་ཚད་ཀྱི་སྐོར་ལས་ འགན་ལེན་ག་ནི་ཡང་ མ་སྤྲོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: