
བི་བི་སི།
རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀར་ན་ཊ་ཀ་ལུ་ གལ་གནད་ཆེ་བའི་ བཙག་འཐུ་ནང་ལས་ ལྡོག་ཕྱོགས་ཚོགས་པ་ ཀོང་གེ་རེཛ་གིས་ ད་ལྟོའི་བློན་ཆེན་ ན་རེན་ད་ར་མོ་དིའི་ གཞུང་སྐྱོང་ཚོགས་པ་ བྷ་ར་ཏི་ཡ་ (བི་ཇེ་པི་) སྲིད་དོན་ཚོགས་པ་དེ་ ཕམ་ཡོདཔ་ཨིན་པས།
ད་རེས་ ཀོང་གེ་རེཛ་གིས་ རྒྱལ་ཁ་ཐོབ་ནི་དེ་གིས་ ཀོང་གེ་རེཛ་ སྲིད་དོན་ཚོགས་པ་ལུ་ སེམས་ཤུགས་སྦོམ་སྦེ་ར་ ཐོབ་ཡོདཔ་ད་ དེ་ཡང་ སང་ཕོད་ རྒྱལ་ཡོངས་ཀྱི་ བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་ཨིན་མི་ལུ་ ཕན་ཐོགས་འབྱུང་པའི་ རེ་བ་ཡོདཔ་ཨིན་པས།
དེ་འབདཝ་ལས རྒྱ་གར་བེང་ག་ལོར་དང་ ནིའུ་དིལླི་ལུ་ ཀོང་གེ་རེཛ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ སྲིད་དོན་ཚོགས་པའི་ ཡིག་ཚང་གི་ཕྱི་ཁར་ སྲིད་ཚོགས་ཀྱི་ བརྡ་དར་གཡུག་སྟེ་ སྤུངས་འཛོམས་འབད་ཡོདཔ་ད་ དིལླི་ལུ་ ཀོང་གེ་རེཛ་ཚོགས་པའི་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་གིས་ རྒྱབ་སྐྱོར་པ་ཚུ་ལུ་ ད་རེས་ མ་དགའ་བའི་ འདུ་ཤེས་སྤངས་ཏེ་ བརྩེ་བའི་འདུ་ཤེས་བསྐྱེད་ནི་ འགོ་བཙུགས་ཅི་ཟེར་བཤད་ནུག།
ཀར་ན་ཊ་ལུ་ བྷ་ར་ཏི་ཡ་ (བི་ཇེ་པི་) སྲིད་དོན་ཚོགས་པའི་ གཙོ་འཛིན་བློན་པོ་ བ་ས་བ་རཱཇ་ བོ་མའི་གིས་ བློན་ཆེན་དང་ སྲིད་དོན་ཚོགས་པའི་ ལས་བྱེད་པ་ཚུ་གིས་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ལཱ་འབད་ཡོད་རུང་ ཚད་གཞི་ཁར་ ལྷོད་མ་ཚུགསཔ་ལས་ ཕམ་ཁ་ངོས་ལེན་འབད་ཡོདཔ་ཨིན་པས།
བློན་ཆེན་མོ་དི་གིས་ བི་ཇེ་པིའི་དབང་ཚད་ འཕྲོ་མཐུད་ཀྱི་དོན་ལས་ ཉིན་གྲངས་ ༡༠ གྱི་རིང་ལུ་ བསྐུལ་བསྒྲགས་ཚུ་ རྩ་འགེངས་ཏེ་འབད་ཡོདཔ་ད་ ཀོང་གེ་རེཛ་གི་ ཁ་ཐུག་ལས་ རྒྱལ་ཡོངས་ཀྱི་འགོ་ཁྲིདཔ་ གཱན་དྷི་དང་ སྲིད་དོན་ཚོགས་པའི་འགོ་ཁྲིདཔ་ མ་ལིག་ཨར་ཇུན་ ཁར་གེ་དང་གཅིག་ཁར་ མངའ་སྡེའི་སྲིད་ཚོགས་འགོ་ཁྲིདཔ་ སི་ད་ར་མའི་ཡ་དང་ ཌི་ཀེ་ཤིབ་ཀུ་མར་ཚུ་གི་ བརྩོན་ཤུགས་ཐོག་ལས་ བསྐུལ་བསྒྲགས་ཚུ་འབད་ནུག།
སི་ད་ར་མའི་ཡ་དང་ ཌི་ཀེ་ཤིབ་ཀུ་མར་ ༢ ཀྱིས་ མངའ་སྡེ་དེ་གི་ གཙོ་འཛིན་བློན་པོའི་དོན་ལུ་ བཙག་འཐུའི་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཀོང་གེ་རེཛ་ཚོགས་པ་དེ་ ཧེ་མའི་དུས་སྐབས་ཅིག་ནང་ དབང་ཤུགས་ཅན་གྱི་ སྲིད་ཚོགས་ཅིག་སྦེ་ རྒྱ་གར་ལུ་ གཞུང་སྐྱོང་ལོག་ཅིང་ར་འབད་ཡོད་རུང་ སྤྱི་ལོ་ ༢༠༡༤ ལུ་ བི་ཇེ་པི་ཚོགས་པ་གིས་ རྒྱལ་ཁབ་ཐོབ་ཞིནམ་ལས་ཚུར་ རྒྱལ་ཡོངས་ཀྱི་ གནས་རིམ་ཁར་ སྲིད་དོན་གྱི་ ཡོངས་གྲགས་མངོན་གསལ་ཅན་དེ་ མེདཔ་ཐལ་ཡོདཔ་ཨིན་པས།
སྲིད་དོན་དཔྱད་ཞིབ་མཁས་མཆོག་ བི་ཇེ་གོ་རོ་བར་གྱིས་ ད་རེས་ཀྱི་ གྲུབ་འབྲས་དང་འཁྲིལཝ་ད་ ཀོང་གེ་རེཛ་ཚོགས་པ་ ཁོང་རའི་ནང་ན་ མ་འགྲིགསཔ་ཡོད་མི་ཚུ་ ཕྱིར་སེལ་འབད་ཚུགས་པའི་ བརྡ་མཚོན་སྟོནམ་ཨིན་རུང་ མོ་དི་དེ་ཡང་ རྒྱལ་ཡོངས་ཀྱི་ གནས་རིམ་ནང་ ཡོངས་གྲགས་ཅན་སྦེ་ གནས་མི་དེ་ རྒྱ་ཆེ་བའི་ ཁྱད་ཆོས་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today : 909
Users Yesterday : 1303
This Month : 66581
This Year : 295422
Total Users : 1007238
Views Today : 2059
Total views : 2928091
Who's Online : 6