སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ཨའུ་མཚོ་ལུ་ དབང་ལུང་ཁྲིད་ ༣ གྱི་ ཆོས་འཁོར་བཟབ་མོ།

མགོན་པོ།
དཔལ་ལྡན་འབྲུག་པའི་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་རྫོང་ཁག་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་སྦེ་ གནང་པའི་བསྒང་ཡོད་མི་ དབང་ལུང་ཁྲིད་ ༣ གྱི་ ཆོས་འཁོར་དེ་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ འགྲོལ་གནང་ནི་ཨིན་པས།
སྤྱི་ཟླ་ ༥ པའི་ཚེས་ ༡༧ ལས་ ༡༩ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ སྨན་ལྗོངས་འབྲུག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གནང་ནི་གི་ ལས་རིམ་ཡོད་ཟེར་ ལྷུན་རྩེ་རབ་སྡེའི་གནས་བརྟན་ བླམ་ཀུན་བཟང་སྟོབས་རྒྱས་རྣམ་རྒྱལ་གྱིས་ གསུངསམ་ཨིན་པས།
སྤྱི་ཟླ་ ༥ པའི་ཚེས་ ༣ ལས་ ༡༦ ཚུན་ བདུན་ཕྲག་ ༢ ཀྱི་རིང་ལུ་གནང་མི་ དེ་བཟུམ་མའི་ བཀའ་ཆོས་ཟབ་མོ་དེ་ གཙོ་བོ་ར་ ཤར་ཕྱོགས་རྫོང་ཁག་ ༦ གི་ རབ་སྡེ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་ཚུ་གིས་ གསོལཝ་བཏབ་བཞིན་དུ་ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ ཟབ་ཆོས་མང་རབས་ཅིག་ ཕྱོགས་བསྡེབས་མཛད་གནང་པའི་ གསུང་འབུམ་པོ་ཏི་ ༡༢ ཀྱི་ དབང་ལུང་ཁྲིད་རྒྱུན་ཚུ་ གནངམ་ཨིན་ཟེར་ ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་གྱིས་གསུངས་ཡི།
ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་ ༣ གྱི་ སྨན་ལྗོངས་འབྲུག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་དེ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྦྱིན་བདག་མཛད་ཐོག་ལས་ གནང་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས།
དེ་ལས་ རང་ཟླ་ ༤ པའི་ཚེས་ ༡ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ དབང་ལུང་ཁྲིད་ ༣ སྨོན་ལམ་དང་བཅས་པ་ ལེགས་ཤོམ་སྦེ་ བསྒྲུབས་ཚར་བའི་ དགའ་སྟོན་རྟེན་འབྲེལ་ལུ་ གླུ་གར་གྱི་མཆོད་པ་ བཀྲིས་ལེགས་དཔལ་དང་བཅས་པའི་སྒོ་ལས་ འགྲོལ་གནང་ནི་ཨིན་པས།
དེ་བཟུམ་མའི་ དབང་ལུང་ཁྲིད་རྒྱུན་ཚུ་ ཞུ་ནིའི་དོན་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ བླ་སྤྲུལ་དང་ མཁན་པོ་ཚུ་གིས་གཙོས་པའི་ འཕགས་པའི་དགེ་འདུན་པ་ཚུ་དང་ སྒོམ་ཆེན་ མ་ཎེམ་ དེ་ལས་ དད་ལྡན་མི་སེར་བསྡོམས་ སྟོང་ཕྲག་ ༡༡ དེ་ཅིག་ འདུ་འཛོམས་འབད་དེ་ཡོདཔ་ཨིན་པས།
དེ་སྦེ་ འདུ་འཛོམས་འབད་མི་ དད་ཅན་ཡོངས་ལུ་ དབང་ལུང་གི་ ཚོགས་ཆུང་དང་ རྫོང་ཁག་ ༦ གི་ བདག་སྐྱོང་དང་ མི་སེར་ཚུ་གི་ ཁ་ཐུག་ལས་ སྔ་ཕྱིའི་གསོལ་ཚོགས་དང་ ཉིན་དགུང་གི་ གསོལ་ཇ་ཚུ་ དྲང་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: