
སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་ གཞུང་ ༢ ཀྱི་བར་ན་ ལོ་བསྟར་ཟུང་འབྲེལ་གྱི་ གྲོས་བསྟུན་ཞལ་འཛོམས་ ཐེངས་ ༦ པ་དེ་ ཐིམ་ཕུ་ལུ་སྦེ་ འཚོགས་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ ཨམ་པདྨ་མཚོ་མོ་དང་ ཕྱི་འབྲེལ་དང་ ཚོང་འབྲེལ་ལས་ཁུངས་ཀྱི་ ཨིན་ཌི་ཡཱན་ ཨོ་ཤཱན་དང་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཡན་ལག་གི་ དྲུང་ཆེན་ལས་རོགས་ ཨམ་མེ་གཱན་ཇཱོནཛ་ ༢ མཉམ་འབྲེལ་གྱི་ ཁྲི་འཛིན་ཐོག་ལུ་ཚོགས་ནུག།
དེ་བསྒང་ ཕྱོགས་གཉིས་རའི་ ཁ་ཐུག་ལས་ གོང་འཕེལ་གྱི་ མཉམ་འབྲེལ་ལས་རིམ་ཚུ་ བསྐྱར་ཞིབ་དང་ མ་འོངས་པའི་ མཉམ་འབྲེལ་གྱི་ གནད་དོན་ཚུ་ ངོས་འཛིན་འབད་བའི་ཁར་ སྤྱི་ལོ་ ༢༠༡༨ ལུ་ གྲོས་བསྟུན་འབད་ཞིནམ་ལས་ཚུར་ རྒྱལ་ཡོངས་ཀྱི་ གོང་འཕེལ་གཙོ་བོ་ཚུ་དང་ གཙོ་རིམ་ཚུ་ དེ་ལས་ དོ་འགྲན་ཚུ་གི་སྐོར་ལས་ བཤད་ཡོདཔ་ཨིན་པས།
འདས་པའི་ལོ་ངོ་ ༥ གི་ནང་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་ ཟུང་ཕྱོགས་མཐུན་ལམ་ནང་ ལེགས་ལམ་གྱི་ གོང་འཕེལ་དག་པ་ཅིག་ར་ ཐོན་ཏེ་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༡ ལུ་ འབྲུག་གིས་ ཀེན་བེ་ར་ལུ་ རྒྱལ་ཁབ་ཕྱི་ཁའི་ སྐུ་ཚབ་ཡིག་ཚང་བཅུ་པ་ གསར་བཙུགས་འབད་ནུག།
དུས་ཅི་གི་ལོ་འདི་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ མཐུན་ལམ་གཞི་བཙུགས་འབད་དེ་ ལོ་ངོ་ ༢༠ འཁོར་བའི་ དུས་དྲན་ཡང་ཨིནམ་ལས་ དེ་བཟུམ་མའི་ གལ་གནད་ཅན་གྱི་ དུས་དྲན་དང་འབྲེལ་ཏེ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ནང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཨཱཛ་ཊེ་ལི་ཡ་ལུ་ གཞུང་འབྲེལ་གཟིགས་སྐོར་ གནང་ཡོདཔ་ད་ དེ་ཡང་ ལོ་ངོ་ ༡༩ གི་ཤུལ་ལས་ འབྲུག་གི་ཕྱི་འབྲེལ་བློན་པོའི་ གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིན་པས།
ད་རེས་ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ ཨཱཛ་ཊེ་ལི་ཡའི་ ཕྱི་འབྲེལ་ཞིབ་རོགས་བློན་པོ་ ཊིམ་ཝཱཊཛ་དེ་ རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོད་མི་དེ་ཡང་ སྤྱི་ལོ་ ༡༩༩༩ ལས་ ད་ཚུན་གྱི་བར་ན་ ཨཱཛ་ཊེ་ལི་ཡའི་ ཆེ་མཐོའི་འགོ་དཔོན་གྱི་ གཟིགས་སྐོར་དང་པ་ཨིན་པས།
ཨཱཛ་ཊེ་ལི་ཡའི་ ས་གནས་མཐའ་དབུས་གེ་རའི་ནང་ འབྲུག་མི་ཤེས་ཡོན་སྦྱང་མི་དང་ ལཱ་འབད་མི་ དེ་ལས་ འཚོ་བ་སྐྱོང་སྟེ་སྡོད་མི་ ལེ་ཤ་ཅིག་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ཚུ་གི་གྲས་ལས་ ཨཱཛ་ཊེ་ལི་ཡ་དེ་ འབྲུག་པའི་མི་སྡེ་ལེ་ཤ་ཡོད་མི་ རྒྱལ་ཁབ་ཅིག་ཨིན་པས།
འབྲུག་ལུ་ ཨཱཛ་ཊེ་ལི་ཡའི་ ཟུང་ཕྱོགས་གོང་འཕེལ་ གྲོགས་རམ་དེ་ཡང་ ཤེས་རིག་དང་ མི་སྟོབས་གོང་འཕེལ་ཚུ་ནང་ གཙོ་བོར་གཏོན་དོ་ཡོདཔ་ད་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༩ པའི་ཚེས་ ༡༤ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།




Users Today : 346
Users Yesterday : 1298
This Month : 46750
This Year : 226653
Total Users : 938469
Views Today : 563
Total views : 2734351
Who's Online : 6