ཕྱི་འབྲེལ་བློན་པོ་ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་ སྐུ་ཚབ་གསརཔ་གིས་ ངོ་སྤྲོད་ཡིག་ཆ།

སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ ཕྱི་འབྲེལ་བློན་པོ་ ཌོཀ་ཊར་རྟ་མགྲིན་རྡོ་རྗེ་ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་ སྐུ་ཚབ་གསརཔ་ ཨམ་ཨེ་ཌི་ཡ་ ཇེམཛ་གིས་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ནུག།
ཨམ་ཨེན་ཌི་ཡ་དེ་ འབྲུག་ལུ་ སྐུ་ཚབ་སྦེ་ མ་བསྐོས་པའི་ཧེ་མར་ ཇི་ནི་ཝ་ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་ རྒྱལ་ཡོངས་མཐུན་འབྲེལ་ཚོགས་ཆུང་གི་ གཙོ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ཡང་ ཨམ་ཨེན་ཌི་ཡ་དེ་ འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་སྐུ་ཚབ་ ཝིལ་པཱགཛ་གི་ཚབ་སྦེ་ བསྐོ་བཞག་འབད་ནུག།
དེ་སྦེ་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་བའི་ཤུལ་ལུ་ ཕྱི་འབྲེལ་བློན་པོ་དང་གཅིག་ཁར་ གོང་འཕེལ་གྱི་ གནད་དོན་མ་འདྲཝ་ཚུ་གི་སྐོར་ལས་དང་ འབྲུག་དང་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་ མཉམ་འབྲེལ་སྐོར་ལས་ གསུང་གྲོས་ཚུ་ཡང་ གནང་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱིས་ སྤྱི་ལོ་ ༡༩༧༤ ལས་ འཐུང་ཆུ་བཀྲམ་སྤེལ་ལས་ འགོ་བཙུགས་ཏེ་ སྤྱིར་འབྲུག་མི་ཚུ་དང་ དམིགས་བསལ་གྱིས་ ཨ་ལོ་དང་ ཨམ་སྲུ་ཚུ་གི་ འཚོ་སྐྱོང་རྒྱ་ཆེ་ཏོག་ཏོ་སྦེ་ར་ ལེགས་སྒྱུར་བཏང་ནི་གི་ བརྩོན་ཤུགས་ནང་ རྒྱབ་སྐྱོར་ཚུ་འབད་དོ་ཡོདཔ་ད་ འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་ ཡིག་ཚང་དེ་ སྤྱི་ལོ་ ༡༩༩༤ སྤྱི་ཟླ་ ༣ པའི་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: