འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་ཀྱི་ གནད་དོན་ཐོག་ལུ་ མཁས་མཆོག་སྡེ་ཚན་གྱི་ཞལ་འཛོམས།

ཐིམ་ཕུ་ལུ་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལས་ ༢༥ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་ཀྱི་ གནད་དོན་ཐོག་ལུ་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༢ པ་ འཚོགས་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ ལས་འཕྲོ་སྟོབས་ལྡན་སྟང་སྦིས་ཀྱིས་ འགོ་ཁྲིད་འབད་ཡོདཔ་ད་ རྒྱ་ནག་གི་ འཐུས་མི་སྡེ་ཚན་དེ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ ས་མཚམས་དང་ མཚོ་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབས་མདོ་ཆེན་ ཧོང་ལི་ཡང་གིས་ འགོ་ཁྲིད་འབད་ནུག།
དེ་བསྒང་ རྒྱ་ནག་ཀཱུན་མིང་ལུ་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༡ པའི་ནང་ རྒྱལ་ཁབ་ ༢ ཀྱི་བར་ན་ མོས་མཐུན་བྱུང་མི་ཚུ་ བསྐྱར་ཞིབ་འབད་ཡོདཔ་མ་ཚད་ གོ་རིམ་ ༣ གྱི་ མདུན་ལམ་སྐོར་ལས་ཡང་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ གོ་རིམ་ ༣ གྱི་ མདུན་ལམ་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་པའི་ཁར་ ལམ་སྟོན་གྲུབ་འབྲས་ཀྱི་ ཞལ་འཛོམས་དེ་ ཡར་སེང་འབད་ནི་ཨིན་པའི་སྐོར་ལས་ཡང་ གྲོས་བསྟུན་འབད་འབད་ཡི་ཟེར་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
མཁས་མཆོག་སྡེ་ཚན་གྱི་ ཤུལ་མའི་ཞལ་འཛོམས་དེ་ འཕྲལ་མགྱོགས་ར་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ འཚོགས་ནི་སྦེ་ གྲོས་འཆམ་བྱུང་ཡོདཔ་མ་ཚད་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་གསུང་གྲོས་ ཐེངས་ ༢༥ པ་དེ་ཡང་ གང་མགྱོགས་ཅིག་སྦེ་ར་ འཚོགས་ནི་ཨིན་པའི་ མོས་མཐུན་བྱུང་ཡི་ཟེར་ཨིན་པས།
ད་རེས་ཀྱི་ གསུང་གྲོས་དེ་ འབྲུག་དང་ རྒྱ་ནག་ ༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོད་མི་ལུ་ གཞིར་བཞག་སྟེ་ ལེགས་སྨོན་དང་ མཛའ་མཐུན་གྱི་སྒོ་ལས་ དོན་སྨིན་ཅན་དང་ གྲུབ་འབྲས་ཅན་ཅིག་སྦེ་ མཇུག་བསྡུ་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

Please follow and like us: