སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་ རྒྱལ་ཁབ་ཀྱི་སྐུ་རིམ།

འཇམ་དཔལ་ཞི་བའི་བློ་གྲོས།
རང་ཟླ་ ༤ པའི་ཚེས་ ༢༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༧ ལས་ འགོ་བཙུགས་ཏེ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཉིན་གྲངས་ ༦ གི་རིང་ལུ་ རྒྱལ་ཁབ་ཀྱི་ སྐུ་རིམ་གནངམ་ཨིན་པས།
དེ་ཡང་ ང་བཅས་རའི་ རྒྱལ་ཁབ་ནང་ འབྱུང་བཞིའི་རྐྱེན་ངན་ཚུ་ ཟློག་ཐབས་ལུ་དང་ ཆར་ཆུ་དུས་ཚོད་ལུ་ འབབ་ནིའི་དོན་ལས་ཨིནམ་ད་ སྐུ་རིམ་དེ་ཡང་ ཉིན་གྲངས་ ༣ གྱི་རིང་ལུ་ དཔལ་ཡེ་ཤེས་མགོན་པོའི་ མདོས་ཆོག་དང་ དེ་ལས་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་ཁུག་གཡང་ཁུག་ཚུ་ གནང་ནི་ཨིན་པས།
དེ་བཟུམ་མའི་ སྐུ་རིམ་ཚུ་ སྒྲུབ་གནང་མི་དེ་ གཙོ་བོ་ར་ སྤྱིར་འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ འབྲུག་པའི་མི་སེར་ཚུ་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ ཚེ་རིངམོ་སྦེ་ སྡོད་ཐབས་ལུ་ ཚེ་ཁུག་དང་ རྒྱུ་ནོར་ལོངས་སྤྱོད་ཚུ་ གོང་ལས་གོང་དུ་ འཕེལ་ཐབས་ལུ་ གཡང་ཁུག་གནངམ་ཨིན་པའི་གནས་ཚུལ།

Please follow and like us: