
ད་རེས་ ཇར་མ་ནི་ལུ་ འགོ་འདྲེན་འཐབ་མི་ འཛམ་གླིང་གི་ དམིགས་བསལ་རྩེད་འགྲན་ནང་ དམིགས་བསལ་གྱི་ ཨ་ལོ་དང་ ན་གཞོན་གྱི་དོན་ལས་ གཞི་བཙུགས་འབད་དེ་ཡོད་མི་ དྲག་འཚོ་གཡོག་འབྲེལ་སྦྱོང་བརྡར་ལྟེ་བའི་ནང་ལས་ སྐྱེས་ལོ་ ༡༧ འབད་མི་ ཉི་མ་འོད་ཟེར་གྱིས་ དཔུང་རྡོའི་འགྲན་བསྡུར་ནང་ལས་ གསེར་གྱི་རྟགས་མ་ཐོབ་ནུག།
དེ་བསྒང་ བཀྲ་ཤིས་སྒང་ལས་ཨིན་མི་ ཉི་མ་འོད་ཟེར་གྱིས་ སི་པེན་དང་ ཨུཟ་བེ་ཀིཛ་ཏཱན་ རྒྱལ་ཁབ་ ༢ ཀྱི་ རྩེད་འགྲན་པ་ཚུ་ ཕམ་བཏང་ཡོདཔ་ད་ ད་རེས་ནངས་པར་ ཐིམ་ཕུ་དྲག་འཚོའི་ནང་ ལྷ་བྲིས་ལྷབ་སྦྱང་འབདཝ་ཨིན་པས།
དེ་བཟུམ་སྦེ་ ཨམ་སྲུའི་དཔུང་རྡོ་འགྲན་བསྡུར་ནང་དང་ ཕོ་མོ་གཉིས་ཆ་རའི་ མི་ཊར་ ༡༠༠ གི་ བང་རྒྱུག་ནང་ཡང་ འབྲུག་གི་རྩེད་འགྲན་པ་ཚུ་གིས་ མཐའ་དཔྱད་འགྲན་བསྡུར་ནང་ ལྷོད་དེ་ཡོདཔ་ཨིན་པས།
དེ་ཡང་ དྲག་འཚོ་ལྟེ་བའི་ནང་ལས་ རིག་རྩལ་སྐྱོན་ཅན་གྱི་ རྩེད་འགྲན་པ་ ༤ ཇར་མ་ནི་ལུ་ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལས་ ༢༥ ཚུན་ འགོ་འདྲེན་འཐབ་མི་ རྩེད་འགྲན་ཚུ་ནང་ གྲལ་གཏོགས་ཀྱི་དོན་ལས་ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ འགོ་དཔོན་ ༣ གྱིས་ ཁྱིད་དེ་སོང་ནུག།
ཨོ་ལིམ་པིག་དེ་ འཛམ་གླིང་ནང་ རྩེད་རིགས་འགྲན་བསྡུར་ འགོ་འདྲེན་འཐབ་མི་ ཚོགས་པ་སྦོམ་ཤོས་ཅིག་ཨིནམ་ད་ རྒྱལ་ཁབ་ ༡༧༢ ཀྱི་ནང་ལས་ རིག་རྩལ་སྐྱོན་ཅན་ཚུ་ལུ་ ལུས་སྦྱོང་གི་ སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འབྲུག་གི་ཁ་ཐུག་ལས་ རྩེད་འགྲན་དེ་ནང་ གྲལ་གཏོགས་འབད་མི་ ཐེངས་ ༤ པ་ཨིནམ་དང་ སྤྱི་ལོ་ ༢༠༡༡ ལོར་ གི་རིཛ་ལུ་ འགོ་དང་པ་ བཅའ་མར་གཏོགས་པའི་སྐབས་ལུ་ཡང་ གསེར་གྱི་རྟགས་མ་ཐོབ་ནུག།
དུས་ཅི་ ཇར་མ་ནི་ལུ་ འགོ་འདྲེན་འཐབ་མི་ རྩེད་འགྲན་དེ་ནང་ རྒྱལ་ཁབ་ ༡༧༠ ལས་ རྩེད་རིགས་མ་འདྲཝ་ ༢༤ གི་ནང་ མི་གྲངས་ ༧,༠༠༠ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།






Users Today : 991
Users Yesterday : 1303
This Month : 66663
This Year : 295504
Total Users : 1007320
Views Today : 2271
Total views : 2928303
Who's Online : 9