
དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་ཁུག་དང་ གཡང་ཁུག་གནང་མི་དེ་ སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ གྲོལ་གནང་ཡི།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༣ གྱི་རིང་ལུ་ དྲོ་པར་ཚེ་ཁུག་དང་ ཕྱི་རོའི་རིགས་ལུ་ ནོར་ལྷ་དབང་ཕྱུག་ཆེན་པོའི་ གཡང་ཁུག་གནང་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལས་ ༡༩ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ མགོན་པོ་ལྕམ་དྲལ་གསུམ་གྱི་ མདོས་ཆོག་གནང་ནུག།
གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཚེ་ཁུག་གནང་མི་དེ་གིས་ མ་པ་ལས་ར་ ཚེ་ཟད་མི་ཚུ་ སྲོག་སྐྱབས་འབད་ཐབས་མེད་རུང་ དཔེ་འབད་བ་ཅིན་ སྣུམ་འཁོར་ཐུག་རྐྱེན་དང་ ནད་གདོན་བར་ཆད་ལ་སོགས་པ་ཚུ་ལུ་བརྟེན་ཏེ་ ཚེ་མ་རྫོགསཔ་ལས་ ཤི་རྐྱེན་བྱུང་མི་ཚུ་ སྲོག་སྐྱབས་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡང་ཁུག་གནང་མི་དེ་ཡང་ རྒྱུ་ནོར་རྐྱངམ་ཅིག་ བཀུག་ཐབས་ལུ་མིན་པར་ ཚེ་བསོད་དཔལ་འབྱོར་ལ་སོགས་པ་ མར་ཉམས་འགྱོ་མི་ཚུ་ བཀུག་ཞིནམ་ལས་ བསྐྱར་གསོ་འབད་དེ་ ཚེ་བསོད་དཔལ་འབྱོར་ཚུ་ གོང་ལས་གོང་དུ་ འཕེལ་ཐབས་ལུ་ཨིན་པའི་ གསལ་བཤད་ཡང་གནང་ནུག།
ད་རེས་ ཚེ་ཁུག་དང་ གཡང་ཁུག་གནང་མི་འདི་ ཕྱི་རྒྱལ་ལུ་ འགྱོ་མི་ཚུ་ ལོག་བཀུག་ཐབས་ལུ་དང་ རྒྱལ་ཁབ་ནང་ཡོད་མི་ཚུ་ ཕྱི་རྒྱལ་ལུ་ འགྱོ་མི་བཅུག་ནི་སྦེ་ཨིན་པས་ཟེར་བའི་ འཐོར་གཏམ་སླབ་མི་རེ་ཡང་ ཐོན་ཡོད་རུང་ གཙུག་ལག་སློབ་དཔོན་གྱིས་ ཚེ་ཁུག་དང་ གཡང་ཁུག་འདི་ལུ་བརྟེན་ཏེ་ ཕྱི་རྒྱལ་ལུ་ འགྱོ་མི་ཚུ་ ལོག་བཀུག་མི་ཚུགས་ནི་ཨིན་པའི་གུ་ ཕྱི་རྒྱལ་ལུ་ འགྱོ་འདོད་ཡོད་མི་ཚུ་ཡང་ བཀག་མི་ཚུགས་ཟེར་ གསུངས་ཡོད་པའི་གནས་ཚུལ།






Users Today : 1156
Users Yesterday : 1303
This Month : 66828
This Year : 295669
Total Users : 1007485
Views Today : 2778
Total views : 2928810
Who's Online : 9