མི་རྗེ་བློན་ཆེན་མཆོག་གིས་ ཝི་ཡེ་ན་ལུ་ རྒྱལ་ཁབ་ཁག་གི་ མ་དངུལ་གོང་འཕེལ་ གྲོས་འཛོམས་ནང་གྲལ་གཏོགས།

མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་ ཝི་ཡེ་ན་ལུ་ ས་སྣུམ་པེ་ཊཱོལ་ ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚུ་གི་ མ་དངུལ་གོང་འཕེལ་ གྲོས་འཛོམས་ནང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ སའུ་དི་ཨ་རབ་བི་ཡའི་ དངུལ་རྩིས་བློན་པོ་ མོ་ཧཱ་མེད་ཨཱལ་ ཇ་དཱན་དང་ སའུ་དི་མ་དངུལ་དང་ ཀུ་ཝེཊ་མ་དངུལ་གྱི་ འགོ་འཛིན་ཚུ་དང་ མཇལ་ཕྲད་ཐོག་ལས་ སླར་འབྱུང་ལས་སྣ་ གསར་གཏོད་དང་ བལྟ་བཤལ་ སྐྱིན་འགྲུལ་ དེ་ལས་ འཕྲུལ་རིག་མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
དེ་མ་ཚད་ ཨཱཛ་ཊི་ཡའི་ ཡུ་རོབ་དང་ རྒྱལ་སྤྱིའི་ལས་དོན་བློན་པོ་ ཨ་ལེ་ཛེན་ཌར་ ཤ་ལེན་བཱག་དང་ཡང་ མཇལ་ཕྲད་ཐོག་ལས་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་ལུ་ གྲོགས་རམ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་ཀུའི་གྲས་ལས་ གནས་ཚད་སོར་སྒྱུར་དང་འབྲེལ་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཐབས་བྱུས་གསར་པའི་སྒོ་ལས་ མཉམ་འབྲེལ་འབད་ནི་ལུ་ སྤྲོ་བ་སྦོམ་ཡོད་ལུགས་ཚུ་ཡང་ གསུངས་ཡོདཔ་ཨིན་པས།
ཨཱཛ་ཊི་ཡའི་ བློན་པོ་དེ་གིས་ འབྲུག་གི་སྒེར་སྡེ་གོང་འཕེལ་ལུ་ ཚོང་འབྲེལ་མཐུད་སྦྲེལ་དང་ དམིགས་བསལ་གྱིས་ ཉི་དྲོད་དང་ ཆུར་བརྟེན་གློག་མེ་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ནང་ མཉམ་འབྲེལ་འབད་ནི་ཨིནམ་སྦེ་ ཞུ་ཡོད་པའི་གནས་ཚུལ།

Please follow and like us: