རྒྱ་པཱན་དང་ ལྷོ་ཀོ་རི་ཡའི་བར་ན་ དངུལ་བརྗེ་སོར་གྱི་ འབྲེལ་བ་བསྐྱར་གསོ་ལུ་ཞལ་འཆམས།

རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ལུང་ཕྱོགས་ནང་གི་ དངུལ་འབྲེལ་ཉེན་སྲུང་བཙན་ཐབས་ལུ་ རྒྱ་པཱན་དང་ ལྷོ་ཀོ་རི་ཡའི་བར་ན་ ཌོ་ལར་ཐེར་འབུམ་ ༡༠ བརྗེ་སོར་འབད་ནི་གི་ འབྲེལ་དོན་བསྐྱར་གསོ་ལུ་ ཞལ་འཆམས་བྱུང་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ སྲིད་འབྲེལ་གྱི་ ཉེན་ཁ་ཡར་སེང་འགྱོ་བའི་ དུས་སྐབས་ནང་ ཟུང་འབྲེལ་གྱི་ མཐུན་ལམ་ལེགས་སྒྱུར་དོན་ལས་ཨིན་པས།
ཧེ་མ་ སྤྱི་ལོ་ ༢༠༠༡ ལུ་ཡང་ དངུལ་བསྡོམས་དེ་གི་ བརྗེ་སོར་ལུ་ ཁ་འཆམས་བྱུང་ཡོད་རུང་ ལག་ལེན་མ་འཐབ་པའི་བར་ན་ སྤྱི་ལོ་ ༢༠༡༥ ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ མེདཔ་ཐལ་བའི་རྐྱེན་གྱིས་ དུས་ཚོད་ཡོལ་སོངཔ་ཨིན་པས།
རྒྱ་པཱན་གྱི་ རྒྱལ་སྤྱིའི་དངུལ་རྩིས་བློན་པོ་འོགམ་ མ་ས་ཏོ་ཀཱན་ཌ་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་སྤྱི་དང་ ལུང་ཕྱོགས་ཀྱི་ གནས་རིམ་ཚུ་ནང་ དཔལ་འབྱོར་གྱི་ གནས་སྟངས་ངེས་མེད་དང་ ཉེན་ཁ་ཆེ་བའི་ གདོང་ལེན་འབྱུང་དོ་ཡོདཔ་ལས་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་འབད་ནི་དེ་ གལ་ཅན་ཅིག་སྦེ་ འཐོན་ཏེ་ཡོད་ཟེར་ཨིན་པས།
དངུལ་བརྗེ་སོར་གྱི་ སྒྲིག་ཆ་དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ རྒྱ་པཱན་གྱི་ དངུལ་རྩིས་བློན་པོ་ ཤུ་ནི་ཅི་སུ་ཟུ་ཀི་དང་ ལྷོ་ཀོ་རི་ཡའི་དངུལ་རྩིས་བློན་པོ་ ཅུའུ་ཀི་ཡུང་གོ་ ༢ ཀྱི་བར་ན་ བཟོ་ཡོདཔ་ད་ དེ་ཡང་ ལོ་ངོ་ ༧ གྱི་རྒྱབ་ལས་ རྒྱལ་ཁབ་ ༢ ཀྱི་ དངུལ་རྩིས་བློན་པོ་ ༢ ཀྱི་བར་ན་ གསུང་གྲོས་གནང་མི་དེ་ འགོ་དང་པ་ཨིན་པས།
དེ་བསྒང་ རྒྱལ་སྤྱིའི་དཔལ་འབྱོར་དང་ གཞི་རྟེན་མཁོ་ཆས་ཀྱི་ནང་ མ་རྩ་གཞི་བཙུགས་འབད་ནི་དང་ གོང་འཕེལ་འགྱོ་བའི་བསྒང་འབད་མི་ རྒྱལ་ཁབ་ཚུ་གི་ བུ་ལོན་གྱི་ དཀའ་ངལ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དངུལ་རྩིས་བློན་པོ་ ༢ ཀྱི་བར་ན་ ཤུལ་མའི་ཞལ་འཛོམས་དེ་ ལྷོ་ཀོ་རི་ཡའི་རྒྱལ་ས་ སི་འཱུལ་ལུ་སྦེ་ སྤྱི་ལོ་ ༢༠༢༤ ལུ་ གནང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: