ར་ཤི་ཡ་གིས་ གནོད་འཚུབ་བཀལ་མིའི་ནང་ རོགས་རམ་འབད་མི་ ཡུ་ཀེ་རེན་གྱི་ མི་ཁུངས་ཅིག་འཛིན་བཟུང་།

རོའི་ཊརཛ།
ར་ཤི་ཡ་གིས་ ཉེན་ཁ་ཆེ་བའི་ མི་ཛ་ཡེལ་ཐོག་ལས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ ཀར་མ་ཊོརཛ་ཟེར་སར་ བཟང་ཁང་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ཡུ་ཀེ་རེན་གྱིས་ བྱ་ངན་དེ་ནང་ གྲོགས་རམ་འབད་བའི་ དོགས་པ་ཡོད་མི་ ཡུ་ཀེ་རེན་གྱི་ མི་ངོམ་ ༡ རྒྱལ་ཁབ་ལུ་ ངོ་ལོག་འབད་བའི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ཡུ་ཀེ་རེན་གྱི་ རྩོད་གཞི་ཡོངས་ཁྱབ་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ནང་གི་ ས་སྣུམ་སྐྱེལ་འདྲེན་ལས་སྡེའི་ ལས་གཡོགཔ་ཅིག་གིས་ བཟའ་ཁང་གི་ སྣུམ་འཁོར་བཞག་སར་ དམག་མིའི་ཨང་རྟགས་ཡོད་མི་ སྣུམ་འཁོར་ཚུ་ པར་བཏབ་སྟེ་ ར་ཤི་ཡའི་ དམིགས་བསལ་གྱི་ཞབས་ཏོག་ལས་སྡེ་ལུ་ བསྐྱལ་ཐོག་ལས་ མི་ཛ་ཡེལ་ ཚོད་དཔག་གི་དོན་ལུ་ ཆ་རོགས་འབད་ནུག་ཟེར་ཨིན་པས།
དེ་ཡང་ མི་ཛ་ཡེལ་དེ་ལུ་བརྟེན་ཏེ་ བཟའ་ཁང་ནང་གི་ མི་ངོམ་ ༡༢ ལུ་ ཤི་རྐྱེན་དང་ ༦༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ བཟའ་ཁང་དེ་ཡང་ ཧྲམ་བཏང་ཡོདཔ་ལས་ སྲིད་འཛིན་ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ར་ཤི་ཡའི་ དྲག་ཐོག་དབང་བཙོང་འབད་མི་ དམག་མི་ཚུ་གིས་ ཚེ་སྲོག་མེདཔ་བཏང་ནིའི་ནང་ ཆ་རོགས་འབད་མི་ ག་ཨིན་མི་དེ་ལུ་ ཉེས་ཁྲིམས་མཐོ་ཤོས་ བཀལ་དགོཔ་སྦེ་ གསལ་བཤད་འབད་ནུག།
དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ ཨ་ལོ་ཆུང་ཀུ་ ༣ དང་ སྐྱེས་ལོ་ ༡༤ འབད་མི་ བུམོ་མཚེ་མ་ ༢ ཡང་ཡོདཔ་ད་ ད་རེས་ ཉེས་འཛུགས་འབད་མི་ མི་ངོམ་དེ་ལུ་ ཉེས་ཁྲིམས་ཚེ་བཙོན་ བཀལ་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: