
ནད་ཡམས་ཐོན་པའི་ཤུལ་ལས་ ཧཱ་ལུ་ གནམ་བྱཱར་གྱི་ ལོ་བསྟར་དུས་སྟོན་ འགོ་དང་པ་འདི་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལས་ ༡༦ ཚུན་ ཉམས་དགའ་བའི་ ཧཱ་ཆུ་གཞོང་ནང་ བརྩི་སྲུང་འབད་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་ནུག།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ འབྲུག་གི་བལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཧཱ་རྫོང་ཁག་དེ་ འབྲུག་གི་ནུབ་བྱང་མཚམས་ལུ་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་ ༡,༠༠༠ ལས་ ༥,༦༠༠ གི་བར་ན་ ཆགས་ཏེ་ཡོདཔ་ད་ རྫོང་ཁག་དེ་ རྒྱལ་ས་ཐིམ་ཕུ་ལས་ སྣུམ་འཁོར་ནང་ ཆུ་ཚོད་ ༣ འགོརཝ་ཨིན་པས།
རྫོང་ཁག་དེ་གི་ ས་ཆའི་ཁྱད་རྣམ་དེ་ཡང་ རྡོ་རོང་ཅན་གྱི་ གངས་རིའི་བར་ན་ མི་སྡེ་ཚུ་ ཁ་གཏོར་ཏེ་ གཞིས་ཆགས་ཡོད་པའི་ རྫོང་ཁག་ཅིག་ཨིན་པས།
དུས་སྟོན་དེ་ཡང་ ནད་ཡམས་ཐོན་པའི་ཤུལ་ལས་ ཧཱ་ལུང་ཕྱོགས་ཀྱི་ སྤྲོ་ཉམས་ཆེ་བའི་ སྔར་ཁྱུན་ལམ་སྲོལ་དང་ ས་གནས་ནང་གི་ མི་སྡེ་མ་འདྲཝ་ཚུ་གི་ དགའ་སྟོན་ཐོག་ལས་ ཉིན་གྲངས་ ༣ གྱི་རིང་ལུ་ བརྩི་སྲུང་ཞུ་ནི་ཨིནམ་ད་ དུས་སྟོན་དེ་གི་ དམིགས་དོན་འདི་ ཧཱ་ཆུ་གཞོང་ནང་གི་ ལམ་སྲོལ་བཟང་པོ་ཚུ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་གྱིས་མ་ཚད་པར་ ས་གནས་ཀྱི་དཔལ་འབྱོར་ ཡར་དྲགས་གཏང་ཐབས་ལུ་ཡང་ཨིན་པས།
དེ་འབདཝ་ལས་ ཧཱ་གི་གནམ་བྱཱར་གྱི་ དུས་སྟོན་དེ་ནང་ གཡག་ཚུ་ལག་ལེན་འཐབ་སྟེ་ ནང་འཁོད་ཀྱི་ རྩེད་རིགས་འགྲན་བསྡུར་དང་ ཡོངས་གྲགས་ཅན་གྱི་ ཧོན་ལྟོད་དང་འདྲ་བའི་ ས་གནས་ཀྱི་ བཟའ་འཐུང་འགྲེམ་སྟོན་ དེ་ལས་ འབྱོཝ་ལས་བཟོ་བའི་ བཟའ་འཐུང་གི་རིགས་དང་ མགྱོནམོ་ཚུ་གི་དོན་ལུ་ མདའ་རྩེད་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་མ་ཚད་ ལུང་ཕྱོགས་དེ་ཁའི་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་ལས་རིམ་དེ་ནང་ གར་འཆམ་དང་ སྙན་ཆ་ དེ་ལས་ མི་སེར་ཚུ་གིས་ ཞིང་ལཱའི་སྐབས་ལུ་ འཐེན་སྲོལ་ཡོད་མི་ གླུ་གར་དང་ ཞབས་བྲོ་ཚུ་གི་ ལྟདམོ་ཚུ་ཡང་ སྟོན་ནི་ཨིནམ་ད་ ག་ནི་བ་ ཡིད་དུ་འོང་བའི་ ལྟད་མོའི་ལས་རིམ་གུ་ སྦྱིས་རྒེད་འོག་གི་ ས་ཁ་མཐོ་སར་ འཚོ་བ་གཡག་ལུ་བརྟེན་མི་ཚུ་གི་ འཚོ་བའི་གནས་སྟངས་ཚུ་གི་ འགྲེམ་སྟོན་ཚུ་ཡང་འབད་ནི་ཨིན་པས།
དེ་བསྒང་ མགྱོནམོ་ཚུ་གིས་ ལྟདམོ་བལྟ་ནི་དང་ ཉོ་ནིའི་དོན་ལུ་ ཚོང་སྟེགས་ཚུ་ཡང་ བསྒྲིག་ནི་ཨིནམ་ལས་ ཚོང་སྟེགས་དེ་ཚུའི་ནང་ལས་ ས་གནས་ཀྱི་ བཟའ་འཐུང་ཚུ་གིས་མ་ཚད་པར་ ཡོན་ཏན་ཐེབས་ཡང་ འཐོབ་ནི་དང་ དྲན་རྟེན་གྱི་དོན་ལས་ ལག་བཟོ་དང་ ཐགས་རིགས་ཀྱི་ ཅ་ཆས་ཚུ་ཡང་ ཉོ་ཚུགས་ནི་ཨིན་པས།
དུས་སྟོན་གྱི་ ཐང་གི་ཕྱི་ཁར་ཡང་ རྐང་ཐང་འགྲོ་འགྲུལ་དང་ ལྷ་ཁང་དགོན་སྡེ་མཇལ་ནི་ རྐང་འཁོར་གཏང་ནི་ཚུ་གི་ ཉམས་མྱོང་ཚུ་ཡང་ འཐོབ་ནི་གི་ གོ་སྐབས་ཚུ་ཡོདཔ་ད་ ཧཱ་རྫོང་ཁག་འདི་ རང་བཞིན་གནས་སྟངས་ཚུ་ སྔར་བཞིན་དུ་ མ་ཉམས་པར་ སྐྱེ་ལྡན་རིགས་སྣ་གིས་ཕྱུག་པའི་ རྫོང་ཁག་སྦེ་ མཛེས་ཆ་དང་ལྡན་པའི་ གངས་རི་ཧི་མ་ལ་ཡའི་ མཐོང་སྣང་ཚུ་གིས་ སྤྲོས་ཏེ་ཡོདཔ་ཨིན་པས།
འཇིགས་མེད་གེ་སར་ རང་བཞིན་གནས་སྟངས་སྲུང་སྐྱོབ་ ས་ཁོངས་ཀྱི་ ཆ་ཤས་སྦོམ་ཤོས་ཅིག་ ཧཱ་རྫོང་ཁག་ནང་ ཚུད་དེ་ཡོདཔ་ད་ སྲུང་སྐྱོབ་ས་ཁོངས་ནང་ གཞིས་ཆགས་མེད་པའི་ ས་ཁོངས་དེ་ ཧཱ་ཉག་གཅིག་ལུ་ཡོདཔ་ཨིན་པས།
མགྱོནམོ་ཚུ་གིས་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་གནང་པའི་ འབྱུང་གནས་བྲག་དང་འདྲ་བའི་ ལྷ་ཁང་དགོན་སྡེ་ཚུ་ནང་ དུས་ཐུང་གི་ ལམ་འགྲུལ་འབད་ཚུགས་ནི་དང་ ཡང་ཅིན་ ལམ་ཐག་རིང་སར་འབད་བ་ཅིན་ ས་ག་ལའི་ རྐང་ལམ་བདའ་སྟེ་ ནུབ་མཚོ་ནག་པ་ཏྲ་ མཇལ་བར་ཡང་ འགྱོ་ཚུགས་ནི་ཨིནམ་ད་ ནུབ་མཚོ་ནག་པ་ཏྲ་ཟེར་མི་དེ་ རྒྱལ་ཁབ་ནང་ མི་ལམ་དྲག་ཤོས་ ༡༠ གྱི་གྲངས་སུ་ ཚུདཔ་མ་ཚད་ དེ་ལས་ གཞན་ཡང་ ཧཱ་ལུ་ སོ་ནམ་ཞིང་པའི་ གཞིས་ཁྱིམ་ནང་ སྡོད་ས་དག་པ་ཅིག་ཡོད་མི་ཚུ་གི་ནང་ཡང་ སྡོད་ཐོག་ལས་ སོ་ནམ་ཞིང་པའི་ ཉིན་བསྟར་གྱི་ ཉམས་མྱོང་ཚུ་ འཐོབ་ཚུགས་ནི་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་འབད་བ་ཅིན་ དུས་ཅི་ ཧཱ་གི་གནམ་བྱཱར་གྱི་ དུས་སྟོན་ནང་ ཧཱ་ཆུ་གཞོང་ནང་སྡོད་མི་ མི་སེར་ཚུ་གི་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་གྱི་ ཉམས་མྱོང་ནང་ གྲལ་གཏོགས་འབད་མིའི་ ནང་འཁོད་དང་ ཕྱི་ཁའི་མགྱོནམོ་ཚུ་ལུ་ ཅོག་འཐད་པའི་ འབྱོན་པ་ལེགས་སོ་ ཞུ་ནི་ ལུ་ ཚབ་སྟེ་ཡོད་ཟེར་ཨིན་པས།
དུས་སྟོན་དེ་ནང་ མགྱོནམོ་ཚུ་གིས་ ལམ་སྲོལ་མ་འདྲཝ་ཚུ་དང་ མི་སྡེ་མ་འདྲཝ་ཚུ་གི་ བཟའ་འཐུང་གི་རིགས་ མ་འདྲཝ་ཚུ་དང་ རྫོང་ཁག་དེ་ནང་ འཚོ་བ་གཡག་ལུ་བརྟེན་ཏེ་ སྡོད་མི་ཚུ་གི་ མི་ཚེ་སྐྱོང་ཐངས་ཚུ་གི་ ཉམས་མྱོང་འཐོབ་ནི་གི་ གོ་སྐབས་བཟང་པོ་ཅིག་ཡང་ཨིན་ཟེར་ བཤདཔ་ཨིན་པས།
ཧཱ་རྫོང་ཁག་དེ་ སྤ་རོ་དང་ ཐིམ་ཕུ་རྫོང་ཁག་ ༢ ལས་ ས་ཐག་ཉེ་སར་འབད་བའི་ཁར་ གནམ་བྱཱར་ལུ་ ཧཱ་གི་གནམ་གཤིས་དེ་ ཆརཔ་རན་ཏོག་ཏོ་དང་ བསིལ་ཏོང་ཏོ་མཚམས་ཅིག་འབད་བའི་ རྫོང་ཁག་ཨིནམ་ལས་ རྒྱལ་ཁབ་ནང་ གནམ་བྱཱར་གྱི་ འགྲུལ་གནས་དྲག་ཤོས་ཅིག་ཡང་ཨིན་ཟེར་ བཤདཔ་ཨིན་པས།
བརྡ་དོན་ཚུ་ དུས་མཐུན་གྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ https://bhutan.travel/ དང་ བལྟ་བཤལ་ལས་ཁུངས་ཀྱི་ ཕེཛ་བུག་དང་ ཨིནཛ་ཊེ་ག་རམ་ནང་ཡང་ གཟིགས་ཚུགས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1032
Users Yesterday : 1303
This Month : 66704
This Year : 295545
Total Users : 1007361
Views Today : 2382
Total views : 2928414
Who's Online : 11