རྒྱ་གར་གྱིས་ ཤང་ཧའི་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ འགོ་འདྲེན་འཐབ་ནི།

ཨེན་ཌི་ཊི་ཝི།
ན་ཧིང་ སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ ས་མར་ཀཱནཌ་ལུ་གནང་མི་ ཤང་ཧའི་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ ཚོགས་པ་དེ་གི་ ཁྲི་འཛིན་གྱི་ འགན་ཁུར་དེ་ རྒྱ་གར་གྱིས་ ལེན་ཡོདཔ་ཨིན་པས།
སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ པ་ཀིཛ་ཏཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ གསལ་བསྒྲགསཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ བསྐུལ་མ་འབད་མི་དང་འཁྲིལ་ཏེ་ སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ པ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བཱཛ་ཤ་རིཕ་གིས་ དབུ་ཁྲིད་ཞལ་འཛོམས་དེ་ནང་ ཡོངས་འབྲེལ་ཐོག་ལས་ བཅའ་མ་གཏོགས་འོང་ཟེར་ཨིན་པས།
ཞལ་འཛོམས་དེ་ནང་ ཤ་རིཕ་གིས་ གྲལ་གཏོགས་འབད་ནི་ཨིན་མི་དེ་གིས་ ཤང་ཧའི་མཉམ་འབྲེལ་ཚོགས་པ་དེ་ པ་ཀིཛ་ཏཱན་གྱིས་ གལ་གནད་ཅན་ཅིག་སྦེ་ བརྩི་འཇོག་འབད་བའི་ བརྡ་མཚོན་སྟོན་པའི་ཁར་ ཚོགས་པ་དེ་ ལུང་ཕྱོགས་ཀྱི་ སྲུང་སྐྱོབ་དང་ ལོངས་སྤྱོད་ཀྱི་དོན་ལུ་ གལ་ཆེ་བའི་ ཚོགས་པ་ཅིག་ཡང་ཨིན་ཟེར་བཀོད་ནུག།
དབུ་ཁྲིད་ཞལ་འཛོམས་དེ་ཁར་ རྒྱལ་སྤྱི་དང་ ལུག་ཕྱོགས་ནང་ གལ་ཆེ་བའི་ གནད་དོན་ཚུ་གི་སྐོར་ལས་དང་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ མ་འོངས་པར་ མཉམ་འབྲེལ་གྱི་ མདུན་ལམ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནི་ཨིནམ་ད་ ཨི་རཱན་རྒྱལ་ཁབ་དེ་ཡང་ ཚོགས་པ་དེ་ནང་ འཐུས་མི་གསརཔ་སྦེ་ འཛུལ་ཞུགས་འབད་ནི་ཨིན་པས།
ཚོགས་པ་དེ་ སྤྱི་ལོ་ ༢༠༠༡ ལུ་ ར་ཤི་ཡ་དང་ རྒྱ་ནག་ ཀིར་གིཛ་ ཀ་ཟ་ཀིཛ་ཏཱན་ ཏ་ཇི་ཀིཛ་ཏཱན་ དེ་ལས་ ཨེཛ་བེ་ཀིཛ་ཏཱན་དང་ རྒྱ་གར་རྒྱལ་ཁབ་ཚུ་གི་ སྲིད་འཛིན་ཚུ་གིས་སྦེ་ ཤང་ཧའི་ལུ་ གཞི་བཙུགས་འབད་ཡོདཔ་ད་ པ་ཀིཛ་ཏཱན་དེ་ སྤྱི་ལོ་ ༢༠༡༧ ལུ་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: