
ཕྱི་འབྲེལ་བློན་པོ་ ཌོཀ་ཊར་རྟ་མགྲིན་རྡོ་རྗེ་གིས་ ཞུ་བ་འབདཝ་བཞིན་དུ་ འཛམ་གླིང་སྤྱི་ཚོགས་ ཞི་བདེ་ལས་དོན་གྱི་ ཡོངས་ཁྱབ་དྲུང་ཆེན་འོགམ་ ཞཱོན་པི་ཡ་རི་ ལ་ཀོ་རོའི་གིས་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལས་ སྤྱི་ཟླ་ ༧ པའི་ཚེས་ ༣ ཚུན་ རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོན་ནུག།
དེ་ཡང་ འཛམ་གླིང་ནང་ འཛམ་གླིང་སྤྱི་ཚོགས་ ཞི་བདེ་ལག་ལེན་དོན་ལས་ ཕྱག་ཞུ་མི་ཚུ་ལུ་ སྲིད་འབྲེལ་དང་ བཀོད་ཁྱབ་ཀྱི་ བཀོད་རྒྱ་བྱིན་མི་ འཛམ་གླིང་སྤྱི་ཚོགས་ ཞི་བདེ་ལས་ཁུངས་ནང་ལས་ འབྲུག་ལུ་ ཆེ་མཐོའི་གནས་རིམ་གྱིས་ གཟིགས་སྐོར་གནང་མི་འདི་ ཐེངས་དང་པ་ཨིན་པས།
གཟིགས་སྐོར་སྐབས་ལུ་ ཡོངས་ཁྱབ་དྲུང་ཆེན་འོགམ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་བའི་ཤུལ་ལས་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ འབྲུག་གི་དམག་སྡེའི་གུང་བློན་ བ་ཀྲུ་ཚེ་རིང་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་ནུག།
དེ་མ་ཚད་ ཉིན་གྲངས་ ༣ གྱི་ གཟིགས་སྐོར་སྐབས་ལུ་ ཡོངས་ཁྱབ་དྲུང་ཆེན་འོགམ་གིས་ རྟ་འབབ་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ ཞི་བདེ་ལྟེ་བ་ དེ་ལས་ གཞན་ཡང་ རྒྱལ་རབས་དང་ ལམ་སྲོལ་ཅན་གྱི་ ས་གནས་ཚུ་གི་ནང་ཡང་ གཟིགས་སྐོར་གནང་ནི་ཨིན་པས།
ད་རེས་ ཡོངས་ཁྱབ་དྲུང་ཆེན་འོགམ་གི་ གཟིགས་སྐོར་འདི་གིས་ འཛམ་གླིང་རྒྱལ་སྤྱིའི་ ཞི་བདེ་དང་ སྲུང་སྐྱོབ་ཀྱི་ རྒྱུན་སྐྱོང་དང་འབྲེལ་ཏེ་ འཛམ་གླིང་སྤྱི་ཚོགས་དང་ འབྲུག་གི་བར་ན་ མཉམ་འབྲེལ་ལས་དོན་ཛུ་ སྔར་བ་ལྷག་པའི་ བཙན་ཐབས་འབྱུང་ནི་ཨིན་པའི་ཁར་ ཞི་བདེ་ལག་ལེན་གྱི་ འཇོན་ཚད་ཡར་དྲག་གི་དོན་ལུ་ ཐུགས་འཆར་ཚུ་ བརྗེ་སོར་མཛད་ནི་གི་ གོ་སྐབས་ཅིག་ཡང་ཨིན་པས།
འབྲུག་གི་ཁ་ཐུག་ལས་ འཛམ་གླིང་རྒྱལ་སྤྱིའི་ གནས་རིམ་ནང་ ཡུན་རིང་གི་ རྒྱབ་སྐྱོར་དང་ ཁས་ལེན་དང་ ང་བཅས་རའི་ ཕྱི་འབྲེལ་སྲིད་བྱུས་ཀྱི་ གཞི་རྟེན་གཙོ་བོ་སྦེ་ འཛམ་གླིང་སྤྱི་ཚོགས་ལུ་ རྒྱབ་སྐྱོར་འབད་དེ་ སྤྱི་ལོ་ ༢༠༡༤ ལས་ཚུར་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་བརྩོན་ཤུགས་ལུ་ དཔའ་ཉམས་ཅན་གྱི་ ཕན་གྲོགས་མཛད་ནུག།
དེ་ཡང་ འདས་པའི་ལོ་ཚུ་ནང་ དོན་དག་ཡོད་མི་ ཕན་གྲོགས་ཚུ་གི་གྲས་ལས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༡ པའི་ནང་ དབུས་ཨ་ཕི་རི་ཀ་ལུ་ ལས་དོན་སྣ་མང་ གཅིག་སྒྲིལ་གྱི་ བརྟན་གཞི་བཙན་ཐབས་ཀྱི་ རྒྱབ་སྐྱོར་ལུ་ འགོ་དང་པ་ ཞི་བདེའི་ལས་བྱེད་པ་ ༡༨༠ འབད་མི་ སྡེ་ཚན་གཅིག་བཏང་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 288
Users Yesterday : 1729
This Month : 4090
This Year : 183993
Total Users : 895809
Views Today : 1620
Total views : 2631937
Who's Online : 8