མི་དབང་རྒྱལ་བཙུན་མཆོག་ རྒྱལ་ཡོངས་བསྐྱར་གསོའི་ མཁས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་དབུ་བཞུགས།

སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ སྨྱོ་རྫས་ལག་ལེན་དང་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མིའི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ པདྨ་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་ ཉིན༌གྲངས༌ ༣ གྱི་ རྒྱལ་ཡོངས་བསྐྱར་གསོའི་ མཁས་འཛོམསཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛདགནང་ཡི།
རྒྱལ་ཡོངས་བསྐྱར་གསོའི་ མཁས་འཛོམས་དེ༌ནང་ བསྐྱར་གསོ་དང་འབྲེལ་བའི་ ཁྱད་རིག་ཅན་གྱི་ མི་ངོམ་དང་ སྲིད་བྱུས་བརྩམ་མི་ མི་སྡེའི་འགོ་ཁྲིདཔ་ དེ་ལས་ བཟའ་ཚང་དང་ ངོ་རྐྱང་ཚུ་ སྨྱོ་རྫས་ཀྱི༌ དབང་ལུ་ཐལ་མི་ཚུ་གི་དོན་ལས་ མི་སྡེའི་ནང་ གཅེས་སྐྱོང་དང་ བསྐྱར་གསོའི་ཤུལ་ལས་ ཞབས་ཏོག་ཚུ་ བཙན་ཐབས་བཟོནིའི་དོན་ལས་ འཛོམས་ཡོདཔ་ཨིན་པས།
རྟེན་འབྲེལ་དེ་ནང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ གཞུང་གི་དཔོན་ཁག་ཚུ་དང་ གོང་འཕེལ་མཉམ་རོགས་ཀྱི་ ངོ་ཚབ་ཚུ་ བྱོན་ཡོདཔ་ད་ མཁས་མཆོག་དང་ གྲལ་གཏོགས་འབད་མི་ཚུ་གིས་ སྨྱོ་རྫས་ལག་ལེན་གྱི་ དབང་ལུ་ཐལ་མི་ཚུ་ བསྐྱར་གསོའི་དོན་ལས་ ཁས་བླངས་ལས་བྱེད་པ་ཚུ་གིས་ ཕན་ཐོགས་བྱུང་སྟེ་ཡོད་མི་ལུ་ ངོས་ལེན་མཛད་ནུག།
རྟེན་འབྲེལ་དེ་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མི་ཚུ་ བསྐྱར་གསོ་འབད་དེ་ འཕྲོད་བསྟེན་ཅན་དང་ འཐོན་སྐྱེད་ཅན་སྦེ་ མི་ཚེ་མཐར་བསྐྱལ་ཚུགས་མི་ཚུ་གི་ གྲུབ་འབྲས་དང་འབྲེལ་བའི་ དགའ་སྟོན་རྟེན་འབྲེལ་ཡང་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ སློབ་སྟོན་པ་དང་ བསྐྱར་གསོའི་དོན་ལུ་ སྡེ་ཚན་བཙུགས་ཏེ་ མི་སྡེ་ལུ་ ཆ་རོགས་འབད་མི་ ཁས་བླངས་པ་ཚུ་ལུ་ གཟེངས་བསྟོད་ཀྱི་ ངོ་སྦྱོར་ལག་ཁྱེར་ཚུ་ གནང་ཡོདཔ་མ་ཚད་ ལོ་ངོ་ ༣ གྱི་རིང་ལུ་ སྨྱོ་རྫས་མ་སྤྱོད་པར་ སྡོད་མི་ཚུ་ལུ་ཡང་ ངོས་ལེན་གྱི་ རྟགས་མ་ཚུ་གནང་ནུག།
ད་རེས་ཀྱི་ མཁས་འཛོམས་འདི་གིས་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ སྨྱོ་རྫས་ལག་ལེན་གྱི་ དབང་ལུ་ཐལ་མི་ཚུ་ བཀག་ཚུགསཔ་མ་ཚད་ བཅོ་ཐབས་དང་ བསྐྱར་གསོ་ཡང་ འབད་ཚུགས་ཟེར་བའི་ བརྗོད་དོན་ཐོག་ལུ་ པདྨ་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་ ལོ་བསྟར་མཁས་འཛོམས་དང་པ་ཨིན་པས།
མཁས་འཛོམས་དེ་ནང་ གྲལ་གཏོགས་འབད་མི་ སྡེ་ཚན་དང་ མི་ངོམ་ཚུ་གིས་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མི་དང་ ཚན་རིག་དང་ མི་སྡེའི་གནད་དོན་ དེ་ལས་ དོན་སྨིན་ཅན་གྱི་ སྨན་བཅོས་ཀྱི་ ཐབས་བྱུས་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་དེ་ ཧ་གོ་ཐབས་དང་ གདོང་ལན་གྱི་དོན་ལས་ བསྐྱར་གསོའི་སྐབས་ལུ་ སྙིང་རྗེའི་སྒོ་ལས་ ཧ་གོ་དགོཔ་ཚུ་གི་སྐོར་ལས་ཡང་ གཙོ་བོར་བཏོནམ་ཨིན་པས།
པདྨ་ཡིག་ཚང་འདི་ མི་དབང་རྒྱལ་བཙུག་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལྟར་དུ་ འབྲུག་མི་ཡོངས་ཀྱི་ སེམས་ཁམས་འཕྲོད་བསྟེན་དང་ ཕན་བདེའི་དོན་ལུ་ སྲིད་བྱུས་དང་ལས་རིམ་ ལས་སྡེ་སྣ་མང་གི་ མཉམ་འབྲེལ་དང་ ཞབས་ཏོག་གི་ ཡོངས་འབྲེལ་ཚུ་ ལེགས་སྒྱུར་ཐོག་ལས་ གཅེས་སྐྱོང་ལུ་ ཕན་གྲོགས་འབད་ཐབས་ལུ་ གཞི་བཙུགས་གནང་ཡོད་པའི་གནས་ཚུལ།

Please follow and like us: