ཕུན་ཚོགས་གླིང་ལུ་ བཀག་དམ་ཅན་གྱི་ སྨྱོ་རྫས་འབག་མི་ ༢ འཛིན་བཟུང་།

ཕུན་ཚོགས་གླིང་ལུ་ སྨྱོ་རྫས་དང་འབྲེལ་བའི་ བྱ་ངན་ཚུ་ བཀག་ཐབས་ལུ་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ དམིགས་བསལ་སྡེ་ཚན་ཅིག་གིས་ བརྩོན་ཤུགས་ཡར་སེང་ཐོག་ལས་ ཐིམ་ཕུ་དང་ ས་གནས་གཞན་ཚུ་གི་ནང་ལས་ སྨྱོ་རྫས་ཉོ་བཙོང་དང་ སྐྱེལ་འདྲེན་འབད་དོ་ཡོད་པའི་ དོགས་པ་ཡོད་མི་ཚུ་ རྒྱུད་ཆད་མེད་པར་ གསང་ཞིབ་འབདཝ་ཨིན་པས།
དེ་བཟུམ་མའི་ གསང་ཞིབ་ནང་ གསང་བའི་བརྡ་དོན་སྤྲོད་མི་ཚུ་ བསྐོ་བཞག་འབད་དེ་ཡོདཔ་ལས་ སྨྱོ་རྫས་ཉོ་བཙོང་འཐབ་མི་ ལེ་ཤ་ཅིག་ འཛིན་བཟུང་ཐོག་ལས་ དོ་དམ་འོག་ལུ་བཞག་ནུག།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ དམིགས་བསལ་སྡེ་ཚན་གྱིས་ བརྡ་དོན་གུ་ གཞི་བརྟེན་ཐོག་ལས་ ཕུན་ཚོགས་གླིང་གི་ གཅིག་སྒྲིལ་སྒོ་ར་ཁ་ གཙོ་བོའི་ནང་ལས་ གླ་འཁོར་བཏང་མི་ ༡ དང་ ཐིམ་ཕུ་ལུ་ སྣུམ་འཁོར་རྙིངམ་ཚུ་ ཚོང་སྒྱུར་འཐབ་མི་ ༡ གིས་ སྨྱོ་རྫས་ལེ་ཤ་ཅིག་ འབག་སྟེ་ཡོདཔ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་བསྒང་ ཁོང་ ༢ ཀྱིས་ སྨྱོ་རྫས་སི་པཱཛ་མོ་ པོ་རོག་སི་ཝཱོན་ཟེར་མི་ སྨན་ཐུམ་ ༡༨,༣༠༠ དང་ ཨེན་ཊཱེན་ཟེར་མི་ སྨན་ལེབ་ ༢༩༩ དེ་ལས་ ཨོ་ན་རེགཛ་ཟེར་མི་ ཤེལ་དམ་ ༡ གླ་འཁོར་གྱི་ ཆ་ཤས་མ་འདྲཝ་ཚུ་ནང་ བཙུགས་ཏེ་ཡོདཔ་ད་ དེ་བཟུམ་མའི་ སྨྱོ་རྫས་སྐྱེལ་འདྲེན་འབད་མི་ ༢ གླ་འཁོར་དང་སྦྲགས་ཏེ་ ཞིབ་དཔྱད་ཀྱི་དོན་ལས་ དོ་དམ་འོག་ལུ་ བཞག་ཡོད་པའི་གནས་ཚུལ།

Please follow and like us: