རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ ཐིམ་ཕུ་ཁྲོམ་སྡེའི་ གློག་ཤུགས་སྐྱེལ་འདྲེན་བཱཛ་གི་ འགོ་འབྱེད་རྟེན་འབྲེལ།

སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཨམ་སྐལ་བཟང་བདེ་སྐྱིད་ཀྱིས་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ ཐིམ་ཕུ་ཁྲོམ་སྡེའི་ གློག་ཤུགས་སྐྱེལ་འདྲེན་བཱཛ་གི་ འགོ་འབྱེད་འབད་ཡི།
དེ་ཡང་ ཨཱཛ་ཊི་ཡའི་ སྤྱི་མཐུན་ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་ ༡༤.༨༥ ཟད་འགྲོ་བཏང་ཐོག་ལས་ ཀུན་ཕན་མོ་ཊརཛ་གིས་ མཁོ་སྒྲུབ་འབད་ཡོདཔ་ད་ ཐིམ་ཕུ་ཁྲོམ་སྡེའི་ནང་ སྐྱེལ་འདྲེན་བཱཛ་དེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ལག་ལེན་འཐབ་ནི་ཨིན་པས།
སྡོད་ཁྲི་ ༢༨ འབད་མི་ སྐྱེལ་འདྲེན་བཱཛ་དེ་ནང་ སི་སི་ཊི་ཝིའི་ དཔར་ཆས་དང་ སི་མཱཏ་ཀཱཌ་འཕྲུལ་ཆས་ དབང་པོ་སྐྱོན་ཅན་ཚུ་གི་འཛུལ་སྒོ་ དེ་ལས་ འགྲུལ་འཕྲིན་བསྐྱར་གསོའི་མཐུན་རྐྱེན་དང་ ཉེན་སྲུང་མཐུན་རྐྱེན་ཚུ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཨྱོན་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་བཱཛ་དེ་གིས་ ཁྲོམ་སྡེ་ནང་འཁོད་ཀྱི་ སྐྱེལ་འདྲེན་ཞབས་ཏོག་ལུ་ ལྷན་ཐབས་དང་ བཙོག་རླུང་མར་ཕབ་ འགྲུལ་འཁོར་ཐོགས་ལུས་མིའི་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་གློག་མེ་ལས་འཛིན་གྱིས་ སྐྱེལ་འདྲེན་བཱཛ་གི་ འཕྲུལ་ལྟོ་བསྐྱར་གསོའི་དོན་ལུ་ གློག་ཚད་སྤེལ་འཕྲུལ་ ༣ རིན་མེད་སྟོང་མར་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
རྒྱལ་ཁབ་ནང་ གློག་ཤུགས་སྐྱེལ་འདྲེན་བཱཛ་གི་ ལས་འགུལ་དེ་ ཨཱཛ་ཊི་ཡའི་ སྤྱི་མཐུན་ལྷན་ཁག་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལུ་ འཛམ་གླིང་སྤྱི་ཚོགས་ བཟོ་གྲྭ་གོང་འཕེལ་ལས་འཛིན་དང་ བློན་ཆེན་ཡིག་ཚང་ ཐིམ་ཁྲོམ་ཚོགས་སྡེ་ དེ་ལས་ ཐིམ་ཕུ་ཁྲོམ་སྡེའི་ སྐྱེལ་འདྲེན་ཞབས་ཏོག་ཚུ་ མཉམ་འབྲེལ་འབད་དེ་ ལོ་ངོ་ ༣ གྱི་ ཧེ་མ་ལས་ འགོ་བཙུགས་ནུག།
ད་རེས་ནངས་པར་ ཐིམ་ཕུ་ཁྲོམ་སྡེའི་ སྐྱེལ་འདྲེན་ཞབས་ཏོག་ལུ་ གློག་ཤུགས་སྐྱེལ་འདྲེན་བཱཛ་ ༡ བརྩིས་ཏེ་ ཁྲོམ་སྡེའི་སྐྱེལ་འདྲེན་བཱཛ་ ༦༠ ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: