ཐིམ་ཕུ་རྒྱལ་གཞུང་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མི་ ༣ འཛིན་བཟུང་།

སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཐིམ་ཕུ་རྒྱལ་གཞུང་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མིའི་ནང་ གྲལ་གཏོགས་འབད་མི་ དོགས་ཅན་ཕོ་སྐྱེས་ ༡ དང་ ཨམ་སྲུ་ ༢ འཛིན་བཟུང་འབད་ནུག།
དེ་ཡང་ རྒྱལ་གཞུང་འགག་སྡེ་གིས་ མི་སྡེ་བརྡ་བརྒྱུད་ ཕེཛ་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་འབྱུང་བཞི་ནང་ལུ་ ཁང་ཚན་ཅིག་གི་ནང་ལས་ སྨྱོ་རྫས་ཨེཛ་པི་པ་ལཱཛ་ཟེར་མི་ སྒྲོམ་ ༡༡༣ ཐོབ་མི་དེ་ལུ་ དངུལ་ཀྲམ་ ༥༤༤,༥༠༠ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
ཐིམ་ཕུ་ལུ་ཡོད་མི་ སྨྱོ་རྫས་དང་ ཁྲིམས་བསྟར་སྤྱོད་ཡིག་ཚང་ལས་ ཞིབ་དཔྱད་འབད་བའི་སྐབས་ལུ་ སྨྱོ་རྫས་དེ་ཚུ་ ས་མཚམས་ཚོང་ཁྲོམ་ ཇའི་སྒང་ལས་ ཉོ་འདྲེན་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
སྐྱེས་ལོ་ ༣༢ ལས་ ༤༢ ཀྱི་བར་ན་འབད་མི་ དོགས་ཅན་ཕོ་མོ་ ༣ ཞིབ་དཔྱད་ཀྱི་དོན་ལས་ དོ་དམ་འོག་ལུ་ བཞག་ཡོདཔ་ད་ སྨྱོ་རྫས་ཚུ་ རྩ་མེད་བཏང་ཐབས་ལུ་ མི་མང་གིས་ རྒྱབ་སྐྱོར་གང་དྲག་འབད་གནང་ཟེར་ རྒྱལ་གཞུང་འགག་སྡེ་གིས་ ཞུ་བ་འབདཝ་ཨིན་པའི་གནས་ཚུལ།

Please follow and like us: