
སྤྱི་ཟླ་ ༨ པའི་ཚེས་ ༣ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ དགོན་སྡེ་ ༣ གྱི་ བླམ་ ༣ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།
དེ་ཡང་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་ ༤༦ འབད་མི་ རྒྱལ་མཚན་དེ་ ཆུ་ཁ་དགོན་འཛིན་གྲྭ་ཚང་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ དགེ་སློང་ནང་འཛུལ་ཏེ་ སྤུ་ན་ཁ་ སེའུ་ལ་དགོན་པའི་ སློབ་གྲྭའི་ནང་ ཤེས་ཡོན་སྦྱངས་པའི་ཤུལ་ལུ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ནང་ལས་ སྤྱི་ལོ་ ༢༠༡༡ ལུ་ ཤེས་ཡོན་མཐར་འཁྱོལ་ཡོདཔ་ད་ ལོ་གསུམ་ཕྱོགས་གསུམ་ཡང་ རྟ་མགོ་སྒྲུབ་སྡེའི་ནང་སྦེ་ གནང་ཡོདཔ་ཨིན་པས།
ད་རེས་ བླམ་སྦེ་ མ་བསྐོས་པའི་ཧེ་མར་ བླམ་རྒྱལ་མཚན་གྱིས་ ལོ་ངོ་ ༧ གྱི་རིང་ལུ་ སེའུ་ལ་བཤད་གྲྭའི་ སློབ་དབུ་འཛིན་སྦེ་ ཕྱག་ཞུ་ནུག།
དེ་བཟུམ་སྦེ་ སྤ་རོ་ལས་ སྐྱེས་ལོ་ ༤༢ འབད་མི་ གནག་མདོག་དེ་ ཐིམ་ཕུ་ར་མ་དགོན་པའི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ བླམ་གནག་མདོག་གིས་ སྐྱེས་ལོ་ ༩ ལས་ དགེ་སློང་ནང་འཛུལ་ཏེ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ནང་ལས་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ རྟ་མགོ་སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་ གནང་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ རྡོ་མཆོད་རྟེན་དགོན་པ་ལུ་ སྐུ་མཚམས་ནང་ བཞུགས་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་ ༣༥ འབད་མི་ ཀུན་ལེགས་རྡོ་རྗེ་དེ་ བསམ་རྩེ་སིབ་སུ་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ ལྷ་ཁང་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༤ ལུ་ དགེ་སློང་ནང་འཛུལ་ཏེ་ སེམས་རྟོགས་ཁ་ སློབ་གྲྭའི་ནང་ ཤེས་ཡོན་སྦྱངས་པའི་ཤུལ་ལས་ སྤྱི་ལོ་ ༢༠༡༥ ལུ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ནང་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་ནུག།
དེ་གི་ཤུལ་ལས་ རྟ་མགོ་སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་གནང་སྟེ་ ལོ་ངོ་ ༢ ཀྱི་རིང་ལུ་ སློབ་གྲྭ་ཅིག་གི་ སློབ་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།






Users Today : 1407
Users Yesterday : 1303
This Month : 67079
This Year : 295920
Total Users : 1007736
Views Today : 3463
Total views : 2929495
Who's Online : 11