
ཨེན་ཌི་ཊི་ཝི།
པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ ཁྲིམས་འདུན་ལས་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་བཀལ་བའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ནུག།
དེ་ཡང་ ཨིཛ་ལ་མ་བཱད་ཀྱི་ ཁྲིམས་མདུན་ལས་ འཛིན་བཟུང་གི་ བཀའ་རྒྱ་གནང་མི་དང་འབྲེལ་ཏེ་ ལོ་ངོ་ ༥ གི་རིང་ལུ་ སྲིད་དོན་གྱི་ ལཱ་ཚུ་ནང་ གྲལ་གཏོགས་འབད་མ་ཆོག་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།
སྐྱེས་ལོ་ ༧༠ འབད་མི་ ཨིམ་རཱན་ཁཱན་དེ་ ཧེ་མ་ ཀིར་ཀེཌ་རྩེ་མི་ ཡོངས་གྲངས་ཅན་ཅིག་ཨིནམ་ད་ ཁོ་ར་ བློན་ཆེན་གྱི་ གོ་གནས་ཁར་ སྡོད་པའི་སྐབས་ལུ་ ཕྱི་ཁའི་མགྱོནམོ་ཚུ་གིས་ འཁྱོམ་བྱིན་མི་ཚུ་ ཁྲིམས་འགལ་ཐོག་ལས་ བཙོང་ཡོད་པའི་ ཉེས་འཛུགས་བཀལ་ནུག།
འཁྱོམ་ཚུ་གི་གྲངས་སུ་ རྒྱལ་ཁབ་གཞན་ཁའི་ སྐུ་འཁོར་ཚུ་གིས་ བྱིན་ཡོད་མི་ ཆུ་ཚོད་འཁོར་ལོ་ཚུ་ཡང་ཡོདཔ་ད་ གཞུང་གི་འགོ་དཔོན་ཚུ་གིས་ བཤད་དོ་འབད་བ་ཅིན་ འཁྱོམ་གྱི་ཅ་ཆས་ཚུ་ ཨི་རཱན་ཁཱན་གྱི་ ལས་རོགས་ཚུ་གིས་ དུ་བཱ་ཡེ་ལུ་འབག་སྟེ་ བཙོང་ནུག་ཟེར་ཨིན་པས།
ཨིཛ་ལ་མ་བཱད་ཀྱི་ རྫོང་ཁག་ཁྲིམས་འདུན་དང་ ཐོག་མའི་ཁྲིམས་འདུན་ ༢ ཀྱི་དྲང་དཔོན་ ཧུ་མ་ཡུན་དི་ལ་ཝར་གྱིས་ འཁྲུན་ཆོད་དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཧང་སྟོང་མར་བཏོན་ནུག།
ཨིམ་རཱན་ཁཱན་གྱིས་ ཁོ་གི་ཁ་ཐུག་ལས་ འཛོལ་བའི་ལཱ་ཅིག་ ག་ནི་ཡང་འབད་འབདཝ་མེད་ཟེར་ཨིནམ་ད་ ཁོ་གི་ ཁྲིམས་དོན་སྡེ་ཚན་གྱིས་ དེ་འཕྲལ་ལས་ མཐོ་གཏུགས་འབད་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
སྡེ་ཚན་དེ་གི་ འཐུས་མི་ཅིག་གིས་ ཁྲིམས་འདུན་ལས་ ཨིམ་རཱན་ཁཱན་ལུ་ དཔང་པོ་མདུན་བརྡར་དང་ མཐའ་བསྡོམས་ཀྱི་ འགལ་ལན་ཚུ་ ཕུལ་ནི་གི་ གོ་སྐབས་མ་གནང་པ་ལུ་བརྟེན་ཏེ་ མཐོ་གཏུགས་ཞུ་དགོཔ་དེ་ གལ་ཆེ་ཟེར་བཤད་ནུག།
ཨིམ་རཱན་ཁཱན་དེ་ བློན་ཆེན་གྱི་ གནས་ཡུན་ནང་ སྡོད་པའི་སྐབས་ལུ་ ན་ཧིང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཐོག་ལས་ ཕྱིར་བཏོན་འབད་དེ་ གཞུང་སྐྱོང་དེ་ ལྡོག་ཕྱོགས་སྲིད་ཚོགས་ལུ་ ཤོར་ཡོདཔ་ལས་ ཨིམ་རཱན་ཁཱན་གྱིས་ ཡིད་ཆེས་མེད་པའི་ ཚོགས་རྒྱན་དེ་ལུ་ རྒྱལ་ཁབ་ནང་ དབང་ཤུགས་ཅན་གྱི་ དྲག་པོའི་དམག་སྡེ་གིས་ གྲོགས་རམ་འབད་ཡོདཔ་སྦེ་ བཤད་ཡོད་རུང་ དམག་སྡེའི་ཁ་ཐུག་ལས་ མི་བདེན་ཟེར་ བཤདཔ་ཨིན་པས།
ཨིམ་རཱན་ཁཱན་གྱིས་ དྲག་པོའི་དམག་སྡེ་ལུ་ ཁ་བཏང་པ་ལུ་བརྟེན་ཏེ་ སྲིད་འབྲེལ་གྱི་ བྲེལ་ཟིང་ཐོན་ཡོདཔ་མ་ཚད་ སྤྱི་ཟླ་ ༥ པའི་ནང་ ཁོ་རང་ཡང་ ངན་ལྷད་དང་འབྲེལ་བའི་ གནད་དོན་ཐོག་ལུ་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལས་ འཛིན་བཟུང་འབདཝ་ད་ རྒྱལ་ཁབ་ནང་ གནོད་འཚེ་ཅན་གྱི་ ངོ་རྒོལ་ཚུ་ཡང་ཐོན་ནུག། ད་རེས་ཀྱི་ གཞུང་དེ་ བདུན་ཕྲག་ ༢ ཀྱི་རྒྱབ་ལས་ མཇུག་བསྡུ་ནི་དང་ ཤུལ་མའི་གཞུང་སྐྱོང་གི་དོན་ལུ་ བཙག་འཐུ་ཚུ་ཡང་ སྤྱི་ཟླ་ ༡༡ པའི་ ཟླ་ཕྱེད་དེ་ཅིག་ཁར་དང་ ཡང་ཅིན་ དེ་གི་ཧེ་མ་ལས་ཡང་ འགོ་འདྲེན་འཐབ་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1090
Users Yesterday : 1303
This Month : 66762
This Year : 295603
Total Users : 1007419
Views Today : 2560
Total views : 2928592
Who's Online : 9