
སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ གསོ་བའི་ལྷན་ཁག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ འཛམ་གླིང་གསོ་བ་ལས་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སྨན་བཅོས་ལུ་ མཁོ་གལ་ཆེ་བའི་ སྲོག་རླུང་བཏོན་འཕྲུལ་ཚུ་ གཞི་བཙུགས་ཀྱི་ འགོ་འབྱེད་འབད་ནུག།
འཕྲུལ་ཆས་དེ་ཚུ་གིས་ འབྲུག་གི་གསོ་བའི་སྐྱོང་བཞག་ལུ་ གལ་གནད་ཆེ་བའི་ ཕན་ཐོགས་ཀྱི་སྒོ་ལས་ དགོས་མཁོ་ཡོད་མི་ ནདཔ་ཚུ་ལུ་ རྒྱུན་ཆད་མེད་པར་ སྲོག་རླུང་བཀྲམ་སྤེལ་ ངེས་གཏན་སྦེ་ བཟོ་ཚུགས་ནི་ཨིན་པས།
འཕྲུལ་ཆས་དེ་ཚུ་གིས་ ས་གནས་དེ་ཁར་རང་ ཕྱི་ཁའི་རླུང་ལེན་ཏེ་ སྲོག་རླུང་ལུ་ འགྱུར་ཚུགས་དོ་ཡོདཔ་ལས་ ས་ཐག་རིང་ས་ལས་ སྲོག་རླུང་གི་ དུང་ཅུང་ཚུ་ སྐྱེལ་འདྲེན་འབད་མ་དགོ་པར་ ལྕོགས་གྲུབ་དང་ ཡུན་བརྟན་ཅན་གྱི་ ཐབས་ལམ་ཅིག་ཨིན་ཟེར་ གསོ་བའི་ལྷན་ཁག་ལས་ ཕེཛ་བུག་ནང་བཀོད་ནུག།
ཡོངས་འབྲེལ་ཐོག་ལས་ བརྩི་སྲུང་འབད་མི་ འཕྲུལ་ཆས་ཚུ་གི་ འགོ་འབྱེད་རྟེན་འབྲེལ་དེ་ གསོ་བའི་བློན་པོ་ དྲག་ཤོས་བདེ་ཆེན་དབང་མོ་དང་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ འཛམ་གླིང་གསོ་བ་ལས་སྡེའི་ ལུང་ཕྱོགས་མདོ་ཆེན་ ཌོག་ཊར་པུ་ནམ་ ཁེ་ཏར་པཱལ་སིང་ ༢ ཀྱིས་ མཛད་ཡོདཔ་ཨིན་པས།
གསོ་བའི་བློན་པོ་གིས་ དེ་བཟུམ་མའི་ འཕྲུལ་ཆས་ཀྱི་ དགོས་མཁོ་དེ་ ནད་ཡམས་ཀོ་ཝིཌ-༡༩ ཐོན་པའི་ གནས་སྐབས་ནང་ རྒྱ་ཆེཝ་སྦེ་ར་ དགོས་མཁོ་བྱུང་ཡི་ཟེར་ གསུངས་ཡོདཔ་མ་ཚད་ ཧེ་མའི་ལམ་ལུགས་ལྟར་དུ་ སྲོག་རླུང་བླུགས་ཏེ་ཡོད་མི་ དུང་ཅུང་ཚུ་ ས་ཐག་རིང་སའི་ སྲོག་རླུང་འཕྲུལ་ཁང་ཚུ་ལས་ སྐྱེལ་འདྲེན་འབདཝ་ད་ དམིགས་བསལ་གྱིས་ འཁོར་ལམ་ཆད་པའི་ དུས་ཚོད་ཁར་ དཀའ་ངལ་བྱུང་མས་ཟེར་གསུངས་ནུག།
དེ་འབདཝ་ལས་ གཙོ་བསྟེན་སྨན་ཁང་ ༢ ཀྱི་ནང་ སྲོག་རླུང་བཏོན་འཕྲུལ་ བཙུགས་མི་དེ་གིས་ ཚེ་སྲོག་ཉེན་སྐྱོབ་ཀྱི་དོན་ལུ་ སྲོག་རླུང་ཚུ་ འཐོབ་ནི་ཡོདཔ་ བཟོ་ནི་དེ་གིས་ ཐབས་བྱུས་ཅན་གྱི་ དཀའ་ངལ་ཚུ་ བསལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 1126
Users Yesterday : 1303
This Month : 66798
This Year : 295639
Total Users : 1007455
Views Today : 2682
Total views : 2928714
Who's Online : 12