གྲུ་ཆུང་ཅིག་ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ མ་ཡཱན་མར་ལས་ བྱོག་འགྱོ་མི་ རོ་ཧིང་གི་ཡའི་ མི་རིགས་ ༢༣ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ མ་ཡཱན་མར་གྱི་ མངའ་སྡེ་ར་ཁི་ནེ་ལས་ རོ་ཧིང་གི་ཡའི་ མི་རིགས་ ༥༠ ལྷགཔ་ཅིག་ གྲུ་ཆུང་ཅིག་ནང་ མ་ལེ་ཤི་ཡ་ལུ་ བྱོག་འགྱོཝ་ད་ གྲུ་ཆུང་དེ་ རྒྱམཚོའི་ནང་ ཐིམས་སོངཔ་ལས་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༨ གསོན་པོ་སྦེ་ ཐོབ་ཡོད་རུང་ གཞན་མི་ཚུ་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲངས་སུ་ ཨམ་སྲུ་ ༡༠ དང་ ཕོ་སྐྱེས་ ༡༣ ཡོདཔ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ རོ་ཧིང་གི་ཡའི་མི་རིགས་ སྟོང་ཕྲག་ལས་བཅད་དེ་ རྒྱ་མཚོ་བརྒལ་ཏེ་ མ་ལེ་ཤི་ཡ་དང་ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ འགྱོ་ནི་གི་ དཔའ་བཅམ་དོ་ཡོདཔ་ཨིན་པས།
དེ་སྦེ་ བྱོག་འགྱོ་མི་དེ་ཡང་ མ་ཡཱན་མར་ རྒྱལ་ཁབ་ནང་ ཁོང་གི་མི་རིགས་ལུ་ རྩུབ་སྤྱོད་འབད་བའི་ཁར་ བང་ལ་དེཤ་ལུ་ཡོད་མི་ སྐྱབས་བཅོལ་བའི་སྒར་ཚུ་ཡང་ ལྟེམ་ལྟེམ་སྦེ་ གང་སྟེ་ཡོདཔ་ལས་ རྒྱལ་ཁབ་གཞན་ཁར་ འགྱོ་ནི་གི་ རྩིས་རྐྱབ་དོ་ཡོདཔ་ཨིན་པས།
མ་ཡཱན་མར་དེ་ ནང་པའི་ཆོས་ལུགས་ཀྱི་ རྒྱལ་ཁབ་ཅིག་ཨིན་མིའི་ནང་ རོ་ཧིང་གི་ཡ་ཟེར་མི་ མུཟ་ལིམ་ཆོས་ལུགས་འཛིན་མི་ མི་སྡེ་ཆུང་ཀུ་ཨིནམ་ད་ བར་མའི་དམག་སྡེ་གིས་ ཁོང་གི་མི་རིགས་ དམར་བསད་འབད་ནི་ འགོ་བཙུགས་ཞིནམ་ལས་ སྤྱི་ལོ་ ༢༠༡༧ ལུ་ མང་ཤོས་ཅིག་ བང་ལ་དེཤ་ལུ་ བྱོག་སོང་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༡ ལུ་ མ་ཡཱན་མར་གྱི་ སྲིད་གཞུང་དེ་ དྲག་པོའི་དམག་སྡེ་གིས་ བཙན་དབང་འབད་བའི་ཤུལ་ལས་ཡང་ རོ་ཧིང་གི་ཡའི་ མི་རིགས་ལྷག་ལུས་ཚུ་ རྒྱལ་ཁབ་ནང་ལས་ བྱོག་འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: