
ཨེན་ཌི་ཊི་ཝི།
རྒྱ་གར་གྱི་ སྤྱི་ཚོགས་ནང་་ ཉིན་གྲངས་ ༣ གྱི་རིང་ལུ་ གྲོས་བསྡུར་འབད་བའི་ཤུལ་ལས་ བློན་ཆེན་མོ་དི་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགསཔ་ད་ བློན་ཆེན་མོ་དི་གིས་ རྒྱལ་ཁ་ཐོབ་ནུག།
མ་གཞི་ སྔ་གོང་ལས་ར་ ཚོགས་རྒྱན་ནང་ལས་ ཕམ་ནི་གི་ བསམ་པ་ར་མེད་མི་དེ་ཡང་ སྤྱི་ཚོགས་ནང་ བློན་ཆེན་མོ་དིའི་ སྲིད་དོན་ཚོགས་པ་ བྷ་ར་ཏི་ཡ་ཇཱན་ཏ་དང་ མཐུན་འབྲེལ་སྲིད་ཚོགས་ཀྱི་ ངོ་ཚབ་ཚུ་ མང་སུ་ཡོད་ནི་དེ་གིས་ཨིན་པས།
བློན་ཆེན་མོ་དི་གིས་ ལྡོག་ཕྱོགས་ཧོངས་ལས་ དེ་བཟུམ་མའི་ ཚོགས་རྒྱན་བཙུགས་མི་དེ་ རྒྱ་གར་རྒྱལ་ཁབ་ཀྱི་ མིང་གཏམ་མེདཔ་བཏང་ནི་གི་ གཞི་ཅིག་ཨིན་པས་ཟེར་ ཁ་བཏང་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ བློན་ཆེན་མོ་དི་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་དགོ་མི་དེ་ མ་ནི་པུར་ མངའ་སྡེའི་ནང་ མི་རིགས་དང་འབྲེལ་བའི་ གནོད་འཚེ་ཚུ་གི་སྐོར་ལས་ གསལ་བཤད་འབད་བཅུག་ཐབས་ལུ་ཨིན་ཟེར་བཤད་ནུག།
མ་ནི་པུར་ མངའ་སྡེའི་ནང་ སྤྱི་ཟླ་ ༥ པ་ལས་ཚུར་ མེ་ཏི་དང་ ཀུ་ཀི་མི་རིགས་ཀྱི་བར་ན་ བྱེལཝ་ཐོན་ཏེ་ མི་གྲངས་ ༡༥༠ དེ་ཅིག་ལུ་ ཤི་རྐྱེན་དང་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ སྡོད་ས་མེདཔ་ ཐལ་ཡོདཔ་ཨིན་པས།
དེ་ཡང་ གློག་བརྙན་ཐུང་ཀུ་ཅིག་ནང་ ཨམ་སྲུ་ ༢ སྒྱེན་མོ་སྦེ་ མི་མང་གིས་ བདའ་འགྱོ་སར་ སྟོན་པའི་ཤུལ་ལུ་ བྱེལཝ་དེ་གི་སྐོར་ལས་ བློན་ཆེན་མོ་དི་གིས་ མི་མང་ལུ་ གསལ་བཤད་འབད་ཡི་ཟེར་ཨིནམ་ད་ རྩུབ་སྤྱོད་དེ་ལུ་བརྟེན་ཏེ་ རྒྱལ་སྤྱིའི་གནས་ཚད་ཁར་ ཁོང་ཁྲོ་ལང་པའི་ གཞི་ཅིག་ལུ་ གྱུར་སོང་ནུག།
རྒྱ་གར་གྱི་ རྒྱལ་ཡོངས་ཚོགས་འདུ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་བསྒང་ལས་ར་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ བློན་ཆེན་མོ་དི་གིས་ རྩུབ་སྤྱོད་དེ་གི་སྐོར་ལས་ གསལ་བཤད་འབད་དགོ་པའི་ ངོ་རྒོལ་ཚུ་ འབད་ཡོདཔ་ཨིན་པས།
སྤྱི་ཟླ་ ༨ པའ་ཚེས་ ༩ ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ བློན་ཆེན་མོ་དི་གིས་ སྤྱི་ཚོགས་ནང་ གསུང་བཤད་གནང་སྟེ་ དུས་ཡུན་ཆུ་ཚོད་ ༡ ལང་སོང་རུང་ མ་ནི་པུར་གྱི་སྐོར་ལས་ བློ་ཚིག་ཐེངས་ ༡ ཡང་ ཐོན་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1090
Users Yesterday : 1303
This Month : 66762
This Year : 295603
Total Users : 1007419
Views Today : 2564
Total views : 2928596
Who's Online : 9