ཀུར་སྟོད་ཨུང་སྒར་ལུ་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ བསྔོ་སྨོན་གནང་ཡོདཔ།

པདྨ་དབང་འདུས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ ཟླཝ་ཧེ་མའི་ནང་ ལྷུན་རྩེ་ཨུང་སྒར་ལུ་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་བྱུང་མི་ལུ་བརྟེན་ཏེ་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ བསྔོ་སྨོན་ཚུ་གནང་ནུག།
དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཚུ་གིས་ སྤྱི་ཟླ་ ༨ པའི་ཚེས་ ༩ ལས་ ༡༡ ཚུན་འབདཝ་ད་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་འདས་ཚུ་གི་ བདུན་ཕྲག་ ༣ པ་ ཉི་ཤུ་རྩ་གཅིག་དང་འབྲེལ་ཏེ་ བླ་མ་དགོངས་པ་འདུས་པའི་ སྐོང་བཤགས་ཀྱི་སྒོ་ལས་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ བསྔོ་སྨོན་མཇུག་བསྡུའི་ཉིན་མར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ཡང་ སྦྱིན་བསྲེག་གནང་ཡོདཔ་ད་ དེ་བཟུམ་མའི་ ལས་རིམ་ནང་ ཚེ་འདས་ཚུ་གི་ ནང་མི་བཟའ་ཚང་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
རྒྱལ་པོའི་གཟིམ་དཔོན་ ཡིག་ཚང་ལས་ འགོ་འདྲེན་འཐབ་མི་ བསྔོ་སྨོན་གྱི་ ལས་རིམ་ནང་ མི་དབང་རྒྱལ་ཚབ་མཆོག་གིས་ དབུ་གཙོས་པའི་ སོ་ནམ་བློན་པོ་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ ངོ་ཚབ་ཚུ་གིས་མ་ཚད་པར་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ ས་གནས་ཀྱི་ འགོ་ཁྲིདཔ་ཚུ་གིས་ཡང་ ཚེ་འདས་ཚུ་གི་ ནང་མི་ཚུ་དང་གཅིག་ཁར་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Please follow and like us: