རྒྱ་གར་བྱང་ཤར་ལུ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ ཟམ་རམ་ཡར་སོངཔ་ལས་ མི་གྲངས་ ༡༧ ལུ་ཤི་རྐྱེན།

སི་ཨེན་ཨེན།
སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ མི་ཟོ་རཱམ་གྱི་ཁྲོམ་ སའི་རང་ཟེར་སར་ ཟམ་ཅིག་རམ་སོང་ཡོདཔ་ལས་ གྲངས་ ༡༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ གཙོ་འཛིན་བློན་པོ་གིས་ མི་སྡེ་བརྡ་བརྒྱུད་ ཊུའི་ཊར་ནང་ ཟམ་རམ་འགྱོ་མིའི་སྐོར་ལས་ བརྙན་ཐུང་ཅིག་དང་བཅསཔ་སྦེ་ བཤད་དོ་བཟུམ་འབད་བ་ཅིན་ ཟམ་དེ་ ཐལཝ་དང་ དུ་པ་གིས་གང་བའི་ ས་སྒོ་ནང་ ས་ཁར་འབུད་དེ་ཡོདཔ་ལས་ དེ་བཟུམ་མའི་ རྐྱེན་ངན་དེ་ སེམས་གདིང་ལས་ར་ སྐྱོ་བ་ལངས་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་ལས་ ཚེ་འདས་ཚུ་གི་ བཟའ་ཚང་ཚུ་ལུ་ སེམས་གསོ་ཡོད་ལུགས་ཚུ་ཡང་ ཡིག་ཐོག་ལུ་ བཀོད་དེ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ ཤི་རྐྱེན་བྱུང་མི་ཚུ་གི་ ཐད་ཀར་གྱི་ ཉེ་ཚན་ཚུ་ལུ་ ཌོ་ལར་ ༢,༥༠༠ རེ་དང་ རྨ་སྐྱོན་བྱུང་མི་ཚུ་ལུ་ ཌོ་ལར་ ༦༠༠ རེ་ གནང་ནི་ཨིནམ་སྦེ་ བརྡ་བརྒྱུད་ནང་བཀོད་ནུག།
རྐྱེན་ངན་དེ་ཡང་ རྒྱ་གར་གྱིས་ སྐྱེལ་འདྲེན་ལམ་ལུགས་ ཡར་སེང་འབད་ཐབས་ལུ་ གཞི་རྟེན་མཁོ་ཆས་ཚུ་ གཞི་སྒྱུར་འབད་བའི་ གནས་སྐབས་ནང་ རྐྱེན་ངན་བྱུང་མི་དེ་ ཐེངས་དང་པ་མིན་ཟེར་ཨིནམ་ད་ དེ་ཡང་ སྤྱི་ཟླ་ ༧ པའི་ནང་ཡང་ བི་ཧར་ལུ་ ཆུ་མོ་གངྒའི་གུ་ལས་ སྣུམ་འཁོར་ ༤ རེ་ཤོང་པའི་ རྩི་སའི་ཟམ་ཅིག་ རམ་ཡར་སོངཔ་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་ ༡༠ པའི་ནང་ཡང་ གུ་ཇ་རཱཏ་གི་ཁྲོམ་ མོར་བི་ཟེར་སར་ཡང་ ཉམས་བཅོས་འབད་ཚརཝ་ཅིག་རང་ སྤྲིངས་ཟམ་ཅིག་ རམ་ཡར་སོངཔ་ལས་ མི་གྲངས་ ༡༣༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: