རྒྱ་གར་གྱི་འཕྲུལ་སྐར་ ཟླ་བའི་གུ་ ཆགས་ནི་དེ་གིས་ རྒྱ་གར་གྱི་ མི་སེར་ག་ར་ལུ་ དཔའ་ཉམས་དང་ སྤྲོ་བ་བྱུང་ཡོདཔ།

སི་ཨེན་ཨེན།
སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ རྒྱ་གར་གྱི་འཕྲུལ་སྐར་ ཟླ་བའི་གུ་ ཆགས་མི་དེ་ འགོ་དང་པ་ཨིནམ་ད་ དེ་སྦེ་ ཟླ་བའི་གུ་ འཕྲུལ་སྐར་ཆགས་ཚུགས་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ རྒྱ་གར་རྒྱལ་ཁབ་དེ་ ཨང་ ༤ པ་ ཐོན་ཡོདཔ་ལས་ འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཡོད་མི་ རྒྱ་གར་གྱི་ མི་སེར་ཚུ་ལུ་ དཔའ་ཉམས་དང་ དགའ་སྤྲོ་སྦོམ་བྱུང་ནུག།
དེ་ཡང་ འཕྲུལ་སྐར་ཅཱན་དར་ཡཱན་-༣ པ་ཟེར་མི་དེ་ ཟླ་བའི་གུ་ འགྲུལ་བསྐྱོད་ཀྱི་སྒོ་ལས་ ཞིབ་འཚོལ་ཐོག་ལུ་ དཔར་ལེན་འཕྲུལ་ཆས་ བིག་རམ་དང་ པར་གི་ཡཱན་ཟེར་མི་ ༢ དང་སྦྲགས་ཏེ་ དེ་ཚེ་ཕྱི་རོ་ ཆུ་ཚོད་ ༦ ལུ་ ཟླ་བའི་གུ་ཆགསཔ་ད་ རྒྱ་གར་གྱི་ མཁའ་དབྱིངས་ཞིབ་འཚོལ་ལས་ཚོགས་ཀྱི་ མི་སྡེ་བརྡ་བརྒྱུད་ ཊུའི་ཊར་ནང་ལས་ མི་གྲངས་ས་ཡ་ ༧༠ དེ་ཅིག་གིས་ དངོས་མཐོང་སྦེ་ བལྟ་ཡོདཔ་ཨིན་པས།
ད་རེས་ ཟླ་བའི་གུ་ རྒྱ་གར་གྱི་ འཕྲུལ་སྐར་ཆགས་མི་དེ་ འབྱུང་རབས་ཅན་གྱི་ ཐོན་རིམ་ཅིག་ཨིནམ་ལས་ རྒྱ་གར་གྱི་ མི་རློབས་ཐེར་འབུམ་ ༡.༤ ཡོད་མི་ཚུ་ཡང་ ས་གནས་ལ་ལོ་ཅིག་ནང་ མི་རིགས་དང་འབྲེལ་བའི་ གནོད་འཚེའི་ངང་ལུ་ཡོད་རུང་ གཅིག་བསྒྲིལ་ཐོག་ལུ་ སྤྲོ་བ་བསྐྱེད་ནུག།
འཕྲུལ་སྐར་དེ་ ཟླ་བའི་གུ་ མ་ཆགས་པའི་ཧེ་མ་ དད་པ་ཡོད་མི་ཚུ་གིས་ ཧིན་དུའི་ལྷ་ཁང་དང་ སིག་གི་ལྷ་ཁང་ཚུ་ནང་ སྨོན་ལམ་བཏབ་ནིའི་དོན་ལུ་ སྤུངས་འཛོམས་འབད་ཡོདཔ་མ་ཚད་ སློབ་གྲྭ་ལ་ལོ་ཅིག་ནང་ རྒྱ་གར་གྱི་ རྒྱལ་དར་འབག་ཐོག་ལས་ འཕྲུལ་སྐར་ཆགས་ས་ དངོས་མཐོང་སྦེ་ བལྟ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
དེ་མ་ཚད་ མི་སེར་ཚུ་ དགའ་བའི་ཤུགས་ཀྱིས་ རྩེད་བམ་གྱི་ ལྟདམོ་སྟོན་ཡོདཔ་ད་ ལ་ལོ་ཅིག་གིས་ ལམ་བདའ་སྟེ་ གུ་རམ་ཚུ་ཡང་ བཀྲམ་སྤེལ་འབད་དེ་ གར་འཆམ་ཚུ་ སྟོན་ཐོག་ལས་ རྒྱ་གར་རྒྱལ་ཁབ་ རྒྱལ་ལོ་ཟེར་བའི་ སྐད་རྐྱབ་སྟེ་ དགའ་སྤྲོའི་ངང་ལུ་སྡོད་ནུག།
འཁྲབ་རྩེད་དང་ རྩེད་རིགས་ སྲིད་དོན་ཚུ་ནང་ རྒྱལ་སྤྱིའི་གནས་ཚད་ཁར་ ཡོངས་གྲགས་ཡོད་མི་ཚུ་གིས་ཡང་ བསྟོདཔ་རྐྱབ་ཡོདཔ་ད་ ཡུ་རོབ་རྒྱལ་ཁབ་ལྷན་ཚོགས་ ཡིག་ཚང་གི་གཙོ་འཛིན་ ཨུར་སུ་ལ་ ཝཱོན་ཌེར་ ལེ་ཡེན་གྱིས་ཡང་ རྒྱ་གར་རྒྱལ་ཁབ་འདི་ མཁའ་དབྱིངས་འཚོལ་ཞིབ་ནང་ འགོ་ཁྲིདཔ་ངོ་མ་ཅིག་ལུ་ གྱུར་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།
ཟླ་བའི་གུ་ འགྲུལ་བསྐྱོད་ཀྱི་སྒོ་ལས་ ཞིབ་འཚོལ་ཐོག་ལུ་ དཔར་ལེན་འཕྲུལ་ཆས་ པར་གི་ཡཱན་ཟེར་མི་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༤ ལུ་ འཕྲུལ་སྐར་ཅཱན་དར་ཡཱན་-༣ པའི་ནང་ལས་ ཁ་བྱལ་སོང་སྟེ་ ཟླ་བའི་གུ་ འགོ་དང་པ་ འགྲུལ་བསྐྱོད་འབད་ནི་ འགོ་བཙུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: