
རྒྱལ་ཁབ་ནང་ སྨྲོ་རྫས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ རིན་ཆེན་ལྡིང་ ཞིབ་དཔྱད་སྒོ་ར་ལུ་ དྲག་ཁག་ ༣ གྱི་ སྣུམ་འཁོར་ཚུ་ཡང་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ ད་ལས་ཕར་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་དམག་སྡེ་ རྒྱལ་པོའི་སྐུ་སྲུང་ཚུ་གི་ སྣུམ་འཁོར་ཚུ་ཡང་ ཞིབ་དཔྱད་མ་འབད་བར་ ཞིབ་དཔྱད་སྒོ་ར་བརྒལ་ཏེ་ མི་བཏང་ནི་ཨིན་པའི་ཁར་ ཕྱི་རྒྱལ་གྱི་ དམག་སྡེའི་སྣུམ་འཁོར་ཚུ་ཡང་ རིན་ཆེད་ལྡིང་ ཞིབ་དཔྱད་སྒོ་ར་ཁར་ བརྟག་ཞིབ་འབད་ནི་ཨིན་པས།
ད་ཚུན་གྱི་རིང་ལུ་ ཕྱི་རྒྱལ་གྱི་ དམག་སྡེ་གིས་གཙོས་པའི་ དམག་སྡེའི་སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཞིབ་དཔྱད་སྒོ་ར་ཚུ་ནང་ བརྟག་ཞིབ་འབད་སྲོལ་མེད་རུང་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྒྱལ་ཡོངས་སྨྱོ་རྫས་ལས་བྱེད་སྡེ་ཚན་ནང་ལས་ དེ་བཟུམ་མའི་ སྣུམ་འཁོར་ཚུ་ཡང་ ཞིབ་དཔྱད་འབད་དགོ་པའི་ བཀོད་རྒྱ་ཐོབ་ནུག།
ཕུན་ཚོགས་གླིང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་རའི་འགོ་འཛིན་ སྤྱི་དཔོན་ཤཱཀྱ་རྡོ་རྗེ་གིས་ དེ་བཟུམ་མའི་ ཞིབ་དཔྱད་འབད་དགོ་མི་དེ་ ང་བཅས་རའི་ རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་ དཀའ་ངལ་མར་ཕབ་འབད་ཐབས་ལུ་ཨིན་པའི་ཁར་ གསལ་སྟོན་མ་འབད་བའི་ ཅ་ཆས་དང་ བཀག་དམ་ཅན་གྱི་ཅ་ཆས་ དེ་ལས་ གཞན་ཡང་ ཁྲིམས་འགལ་གྱི་ ཅ་ཆས་ཚུ་ དམག་སྡེའི་སྣུམ་འཁོར་ཚུ་ནང་ སྐྱེལ་འདྲེན་འབད་ནི་དེ་ མར་ཕབ་འབད་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
ཞིབ་དཔྱད་སྐབས་ལུ་ དྲི་དཔྱད་རོ་ཁྱི་ཚུ་ལས་ རྒྱབ་སྐྱོར་ལེན་དོ་ཡོདཔ་ད་ ད་རེས་ དེ་བཟུམ་མའི་ དྲི་དཕྱད་རོ་ཁྱི་ ༤ ཡོད་པའི་གུ་ ད་རུང་ཡང་ རོ་ཁྱི་ཧེང་བཀལ་ ༢ ལེན་ནི་ཨིན་པས།
ད་རེས་ སྣུམ་འཁོར་ཞིབ་དཔྱད་དེ་ རིན་ཆེན་ལྡིང་ ཞིབ་དཔྱད་སྒོ་ར་རྐྱངམ་གཅིག་ལུ་འབད་དོ་ཡོད་རུང་ དུས་ཅི་གི་ལོ་ནང་ར་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ཁག་ ༩༥༠ ལྷགཔ་ཅིག་དང་ མི་གྲངས་ ༡,༧༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ཚུགས་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་སྦེ་ འཛིན་བཟུང་འབད་མིའི་གྲས་ཁར་ མང་ཤོས་ཅིག་ར་ ལཱ་གཡོག་མེད་མི་ ༧༠༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 259
Users Yesterday : 1453
This Month : 259
This Year : 296225
Total Users : 1008041
Views Today : 552
Total views : 2930155
Who's Online : 12