རྒྱ་གར་གྱིས་ འབྲུག་ལུ་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ ཕྱིར་ཚོང་འཐབ་ནི།

པདྨ་དབང་འདུས།
རྒྱ་གར་གཞུང་གིས་ དམིགས་བསལ་སྒྲིག་ཆའི་ཐོག་ལས་ བཱཛ་མ་ཏི་མིན་པའི་ ཆུམ་དཀརཔོ་གི་རིགས་ ཕྱིར་ཚོང་བཀག་དམ་ལས་ ཡངས་ཆག་གནང་ནུག།
དེ་ཡང་ དོན་གཅོད་ཀྱི་ མཉམ་རོགས་རྒྱལ་ཁབ་ གཙོ་བོ་ཚུ་ལུ་ ཆུམ་ཕྱིར་ཚོང་བཀག་དམ་ ཡངས་ཆག་བཏང་ནི་དང་འབྲེལ་ཏེ་ འབྲུག་ལུ་ བཱཛ་མ་ཏི་མིན་པའི་ ཆུམ་ ཊཱོན་ ༧༩,༠༠༠ མཁོ་སྤྲོད་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ མའུ་རི་ཤི་ཡཱཛ་ལུ་ཡང་ བཱཛ་མ་ཏི་མིན་པའི་ ཆུམ་ཊཱོན་ ༡༤,༠༠༠ མཁོ་སྤྲོད་འབད་ནི་ཨིན་པས།
རྒྱ་གར་གཞུང་གིས་ དེ་སྦེ་ གྲོས་ཐག་བཅད་མི་དེ་ཡང་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ཚུ་ ཕྱིར་ཚོང་འཐབ་མ་ཆོགཔ་སྦེ་ བཟོ་བའི་ཤུལ་ལས་ འབྲུག་དང་ མའུ་རི་ཤི་ཡཱཛ་ རྒྱལ་ཁབ་ ༢ ལས་ བཀག་དམ་ཡངས་ཆག་གཏང་དགོ་པའི་ ཞུ་བ་འབད་ནུག།
འབྲུག་གཞུང་གི་ ཁ་ཐུག་ལས་ སྤྱི་ཟླ་ ༨ པའི་ བདུན་ཕྲག་དང་པའི་ནང་ བཀག་དམ་ཡངས་ཆག་གི་དོན་ལས་ རྒྱ་གར་གཞུང་ལུ་ ལོ་བསྟར་བཞིན་དུ་ ཆུམ་ཊཱོན་ ༧༧,༠༠༠ རེ་ ནང་འདྲེན་འབད་ཆོག་པའི་ གནང་བ་ཞུ་ཡོདཔ་ལས་ གཞུང་འབྲེལ་ཐོག་ལུ་ གནང་བ་གྲུབ་པའི་ གསལ་བསྒྲགས་དེ་ མགྱོགས་པ་ར་འཐོབ་པའི་ རེ་བ་ཡོདཔ་ཨིན་པས།
དེ་སྦེ་ བཀག་དམ་འབད་མི་དེ་ཡང་ རྒྱ་གར་རྒྱལ་ཁབ་ནང་ གོང་ཚད་ཡར་འཕར་འགྱོཝ་ལས་ ཁོང་རའི་རྒྱལ་ཁབ་ལུ་ ཆུམ་ལངམ་སྦེ་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ དུས་ཅི་ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལས་ ཕྱིར་ཚོང་བཀག་དམ་འབད་ཡོདཔ་ད་ ནམ་རྒྱུན་འབད་བ་ཅིན་ རྒྱ་གར་གྱི་ རྒྱལ་ཁབ་ ༡༢༥ ལུ་ ཆུམ་ཕྱིར་ཚོང་འཐབ་དོ་ཡོདཔ་ལས་ རྒྱ་གར་དེ་ འཛམ་གླིང་ནང་ ཆུམ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན་པས།
ང་བཅས་རའི་ འབྲུག་ལུ་འབད་བ་ཅིན་ མང་ཤོས་ར་ ཆུམ་གྱི་རིགས་ ཨེཛ་ཀེ་གཱོལ་དང་ རཱཇ་བྷོག་ཀུ་མར་ དུ་བར་ ཀུ་ཨམ་བྷོག་ཚུ་ བཟའ་སྤྱོད་འབད་ཡོདཔ་ད་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ཡང་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ཚུ་ ནང་འདྲེན་འཐབ་སྟེ་ རྒྱལ་ཁབ་ནང་གི་ སློབ་གྲྭ་ཁག་ ༤༩༠ དེ་ཅིག་དང་ ངོ་ཚབ་ལས་སྡེ་ཚུ་ལུ་ བཀྲམ་སྤེལ་འབདཝ་ཨིན་པའི་གནས་ཚུལ།

Please follow and like us: