
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འབྲུག་ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་མི་ནང་ དུས་ཅི་གི་ ཆོས་རྒྱུགས་དངོས་གཞིའི་ནང་ གྲལ་གཏོགས་ཀྱི་དོན་ལས་ མཐར་འཁྱོལ་སྐུགས་ཚད་བརྒྱ་ཆ་ ༥༠ སྦེ་ བཞག་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ཚོགས་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༡༩༧ པའི་ནང་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༠ པའི་ཚེས་ ༥ ལས་ ༧ གྱི་བར་ན་ ལེན་ནི་སྦེ་ཡོད་མི་ ཞི་གཡོག་ཆོས་རྒྱུགས་ དངོས་གཞིའི་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ༣,༣༧༠ ལས་ ༢,༠༤༨ ཀྱིས་ གྲལ་གཏོགས་འབད་ནི་གི་ ཁྱད་ཚད་གྲུབ་ནུག།
ཆོས་རྒྱུགས་དངོས་གཞིའི་དོན་ལུ་ ཁྱད་ཚད་གྲུབ་མི་ མཐོ་རིམ་ཤེས་ཚད་དང་ ཤེས་རིག་མཐོ་རིམ་ཤེས་ཚད་ དེ་ལས་ གསོ་བའི་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་གི་ ཡིག་ཆ་ཚུ་ ཆུ་རྩལ་རྐྱབ་སའི་ལྟག་ལུ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ འདུ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༨ ལས་ སྤྱི་ཟླ་ ༩ པའི་ཚེས་ ༥ ཚུན་ བསྐྱར་ཞིབ་འབད་ནི་དང་ ཉིན་བསྟར་གྱི་ལས་འཆར་དེ་ མགྱོགས་པ་ར་ ཡོངས་འབྲེལ་འཆར་སྒོའི་ཐོག་ལས་ གསལ་བསྒྲགས་འབད་ནི་ཨིན་པས།
གལ་སྲིད་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ སྐུགས་ཚད་ཚུ་ ངེས་ཤེས་མ་འདྲོངསམ་སྦེ་ མཐོང་པ་ཅིན་ སྤྱི་ཟླ་ ༨ པའི་ཚེས་ ༢༤ ལས་ ༣༠ གི་བར་ན་ བསྐྱར་ཞིབ་ཀྱི་ ཞུ་བ་ཚུ་ བཙུགས་ཆོག་ནི་དང་ དེ་ཡང་ ཞི་གཡོག་བཀོད་ཤོག་བཀང་སྟེ་ ཐིམ་ཕུ་ཆུ་བར་ཆུ་ མཁའ་འགྲུལ་ལས་འཛིན་ ཡིག་ཚང་གི་ལྟག་ལུ་ཡོད་མི་ ཞི་གཡོག་ལྷན་ཚོགས་ཀྱི་ ཡིག་ཚང་ནང་ བསྐྱལ་དགོཔ་ད་ ཡང་ཅིན་ གློག་འཕྲིན་ཁ་བྱང་ bcse@rcsc.gov.bt གི་ཐོག་ལས་ཡང་ ཕུལ་ཚུགས་ནི་ཨིན་པས།
དེ་བཟུམ་མའི་ བསྐྱར་ཞིབ་ཀྱི་ ཞུ་བ་ཕུལཝ་ད་ གླ་ཡོན་དངུལ་ཀྲམ་ ༣༠༠ རེ་ བཀལ་ནི་ཨིན་མི་དེ་ དངུལ་རྐྱང་དང་ ཡང་ཅིན་ ཡོངས་འབྲེལ་ཐོག་ལས་བཏབ་རུང་ འཐུས་ནི་ཨིནམ་ད་ བསྐྱར་ཞིབ་ཀྱི་ གྲུབ་འབྲས་ཚུ་ སྤྱི་ཟླ་ ༨ པའི་ཚེས་ ༣༡ ལུ་ གསལ་བསྒྲགས་འབད་ནི་ཨིན་པའི་གནས་ཚུལ།






Users Today : 1367
Users Yesterday : 1303
This Month : 67039
This Year : 295880
Total Users : 1007696
Views Today : 3365
Total views : 2929397
Who's Online : 10