
གཞུང་འབྲེལ་ཐོག་ལུ་ བསྐུལ་བསྒྲགས་ཀྱི་དུས་ཚོད་ ཁྱབ་བསྒྲགས་མ་འབད་བའི་ སྔ་གོང་ལས་ར་ སྲིད་དོན་ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་འབད་དོ་ཡོད་པའི་ དོགས་པ་ཡོད་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ བཤད་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྲིད་དོན་ཚོགས་པ་གསརཔ་ཚུ་གིས་ གོམས་འདྲིས་བལྟ་སྐོར་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་ནི་དང་ སྲིད་ཚོགས་རྙིངམ་ཚུ་གིས་ གྲོས་བསྟུན་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་སྲིད་ནི་བཟུམ་ཅིག་ཡོདཔ་ཨིན་པས།
དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ དོགས་སེལ་འབད་མི་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ཚུ་གིས་ གོམས་འདྲིས་བལྟ་སྐོར་སྐབས་ལུ་ སྲིད་དོན་ཚོགས་པའི་ འགོ་ཁྲིདཔ་དང་ ལས་རྟགས་ དེ་ལས་ ལྟ་བ་དང་ འཆར་སྣང་ཚུ་རྐྱངམ་གཅིག་ ངོ་སྤྲོད་འབད་ཆོག་ཟེར་ཨིནམ་ད་ སྲིད་ཚོགས་རྙིངམ་ཚུ་གིས་འབད་བ་ཅིན་ ཚོགས་པ་ཁོང་རང་དང་ ཐོ་བཀོད་གྲུབ་པའི་ འཐུས་མི་ཚུ་གི་བར་ན་རྐྱངམ་གཅིག་ གྲོས་བསྟུན་ཞལ་འཛོམས་དེ་ འགོ་འདྲེན་འཐབ་ཆོག་ཟེར་ཨིན་པས།
དེ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ ཐོ་བཀོད་གྲུབ་པའི་ འཐུས་མི་ཚུ་དང་གཅིག་ཁར་ ཚོགས་པའི་མདུན་ལམ་གྱི་སྐོར་ལས་ གྲོས་བསྟུན་ཚུ་འབད་དེ་ ཁས་བླངས་གསལ་བསྒྲགས་ཚུ་ བསྐྱར་ཞིབ་འབད་ཆོག་ནི་ཨིན་རུང་ སྲིད་ཚོགས་ཚུ་གིས་ བསྐུལ་བསྒྲགས་འབདཝ་ལས་ བྱ་སྤྱོད་དང་འཁྲིལ་ཏེ་ བཙག་འཐུ་ལྷན་ཚོགས་ཀྱིས་ གོམས་འདྲིས་བལྟ་སྐོར་དང་ གྲོས་བསྟུན་ཞལ་འཛོམས་ཚུ་ མགྱོགས་པ་ར་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་སྲིད་ནི་བཟུམ་ཅིག་ཡོདཔ་ཨིན་པས།
གལ་སྲིད་ དོགས་པ་ཅན་གྱི་ གླེང་གཏམ་ཚུ་ ཡང་བསྐྱར་འཐོན་པ་ཅིན་ གོམས་འདྲིས་བལྟ་སྐོར་དང་ གྲོས་བསྟུན་ཞལ་འཛོམས་ཚུ་ ཆ་མེད་བཏང་ནི་བཟུམ་ཅིག་ཡོད་རུང་ ད་ཚུན་གྱི་བར་ན་ ཉོག་བཤད་ཚུ་ ག་ནི་ཡང་ མ་ལྷོད་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།





Users Today : 1342
Users Yesterday : 1303
This Month : 67014
This Year : 295855
Total Users : 1007671
Views Today : 3266
Total views : 2929298
Who's Online : 9