ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བློན་པོ་བགྲེསཔ་ ༢ ལུ་ དབང་ཚད་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་འབད་མི་ལུ་དོགས་བསལ།

ད་རེས་ནངས་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ ཚོགས་ཆུང་ཅིག་ བཟོ་ཐོག་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བློན་པོ་བགྲེསཔ་ ༢ ལུ་ དབང་ཚད་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་འབད་མིའི་ གནད་དོན་ལུ་ བསྐྱར་ཞིབ་འབད་དོ་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ དོགས་བསལ་གྱི་ གནས་ཚུལ་ཅིག་ གསར་བཏོན་འབད་ནུག།
དེ་ཡང་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཧེ་མ་ གཞུང་སྐྱོང་སྐབས་ལུ་ དངུལ་རྩིས་བློན་པོ་བགྲེསཔ་དང་ ཞབས་ཏོག་བློན་པོ་བགྲེསཔ་ ༢ ཀྱིས་ དབང་ཚད་ལོག་སྤྱོད་འབད་བའི་ གནད་དོན་གྱི་སྐོར་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ དབྱེ་ཞིབ་འབད་འབད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་མི་ལུ་ གུས་ཞབས་ཡོད་ཟེར་ཨིན་པས།
ཨིན་རུང་ བཙག་འཐུའི་དུས་ཚོད་ ན་འཐན་རན་པའི་ གནས་སྐབས་ནང་ སྤྱི་ལོ་ ༢༠༡༦ ལུ་བྱུང་མི་ གནད་དོན་འདི་ ད་རེས་ ཐོན་མི་ལུ་ རྣམ་རྟོག་ལང་དགོཔ་ བྱུང་ཡོདཔ་མ་ཚད་ བློན་པོ་བགྲེསཔ་ ༢ ལུ་ རྩིས་ཞིབ་སྙན་ཞུ་ཡང་ མ་ལྷོད་པ་ལུ་བརྟེན་ཏེ་ དོགས་བསལ་འབད་ནི་གི་ གོ་སྐབས་མ་ཐོབ་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
མ་གཞི་ དེ་བཟུམ་མའི་ གྲོས་ཐག་བཅད་མི་འདི་ གཙོ་བོ་ར་ མང་སྡེ་ཆུ་ གློག་མེ་ལས་འགུལ་ མཇུག་བསྡུ་ནིའི་དོན་ལུ་ གནམ་མེད་ས་མེད་ གལ་ཆེ་ཏོག་ཏོ་ཅིག་ཨིན་མི་ ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ ཡུན་འགྱངས་སྦེ་ ལུས་ནི་དེ་གིས་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ཞབས་འཛོམས་ མང་རབས་ཅིག་ ཚོགས་ཞིནམ་ལས་ མཁོ་སྒྲུབ་ཀྱི་ བཅའ་ཡིག་དང་འཁྲིལ་ཏེ་ར་ ཁག་འབག་གི་ལཱ་དེ་ ཆ་མེད་བཏང་སྟེ་ ཁག་འབགཔ་དེ་ལུ་ ལཱ་སོ་སོ་ཅིག་ བྱིན་ཡི་ཟེར་ཨིན་པས།
དེ་སྦེ་ ཐབས་ཤེས་སྟོན་མི་དེ་ཡང་ ལས་འགུལ་འདི་ ཡུན་འགྱངས་སྦེ་ མི་ལུས་ནི་དང་ དཔལ་འབྱོར་ལུ་ ཐོ་ཕོག་མ་བཅུག་པར་ བཞག་ཐབས་ལུ་ཨིན་པའི་ཁར་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་འབྱུང་མ་བཅུག་པར་ བཞག་ཐོག་ལས་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱིས་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་ ༢༢ དེ་རེ་ འོང་འབབ་བཟོ་ནིའི་དོན་ལུ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་རེས་ བདེན་ཁུངས་མེད་པའི་ གནས་ཚུལ་བཀྲམ་སྤེལ་འབད་མི་དེ་ བཙག་འཐུའི་དུས་ཚོད་ གདོང་ཁར་ལྷོད་མི་དང་བསྟུན་ཏེ་ མི་སེར་དམངས་གཙོ་ཚོགས་པའི་ མིང་གཏམ་མེདཔ་བཏང་ཐབས་ལུ་ཨིན་རུང་ རྒྱབ་སྐྱོར་པ་ཚུ་ལུ་བརྟེན་ཏེ་ མི་སེར་དམངས་གཙོ་ཚོགས་པ་འདི་ འབྲུག་རྒྱལ་ཁབ་ལུ་ ཕན་ཐོགས་པའི་ སྲིད་དོན་ཚོགས་པ་ སྒྲིང་སྒྲིང་ཅིག་སྦེ་ར་ ཕྱག་ཞུ་ཚུགས་པའི་ ཁས་ལེན་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: