མཁྱེན་བརྩེ་རིན་པོ་ཆེ་མཆོག་ལུ་ ལོན་ཌོན་གཙུག་ལག་སློབ་སྡེ་འོག་གི་ འཛམ་གླིང་ཤར་ཕྱོགས་དང་ ཨཱཕ་རི་ཀའི་ ཞིབ་འཇུག་སློབ་གྲྭ་གིས་ གཟེངས་བསྟོད་ཀྱི་ གཙུག་ལག་ཤེས་ཚད་ལག་ཁྱེར།

སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ ལཱོན་ཌཱོན་གཙུག་ལག་སློབ་སྡེ་འོག་གི་ འཛམ་གླིང་ཤར་ཕྱོགས་དང་ ཨཱཕ་རི་ཀའི་ ཞིབ་འཇུག་སློབ་གྲྭའི་ནང་ལས་ ཡོངས་གྲགས་ཅན་གྱི་ འབྲུག་པའི་བླ་ཆེན་ གློག་བརྙན་བཟོ་བསྐྲུན་དང་ རྩོམ་སྒྲིག་ལུ་མཁས་པའི་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལུ་ གཟེངས་བསྟོད་ཀྱི་ གཙུག་ལག་ཤེས་ཚད་ལག་ཁྱེར་ ཕུལ་ཡོདཔ་ཨིན་པས།
དེ་སྦེ་ ལག་ཁྱེར་ཕུལ་བའི་ དུས་སྟོན་ནང་ མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ འཛམ་གླིང་ནུབ་ཕྱོགས་ རྒྱལ་ཁབ་ཚུ་གིས་ འཛམ་གླིང་ཤར་ཕྱོགས་དང་ ཨཱཕ་རི་ཀའི་ ཞིབ་འཇུག་ཚུ་ལུ་ དབང་ཆའི་སྒོ་ལས་རྐྱངམ་གཅིག་མིན་པར་ གུས་ཞབས་ངོ་མའི་ཐོག་ལས་ དགའ་ཚོར་བསྐྱེད་འོང་མནོ་བའི་ རེ་བ་ཡོད་ཟེར་གསུངས་ནུག།
དེ་བཟུམ་མའི་ དགའ་ཚོར་བསྐྱེད་ཚུགས་པ་ཅིན་ ནུབ་ཕྱོགས་ཀྱི་ ཤེས་ཡོན་ནང་ གལ་གནད་ཆེཝ་སྦེ་ བརྩི་སྲོལ་ཡོད་མི་ དམིགས་ཡུལ་གྱི་ ངེས་ཚིག་ལུ་ གོ་དོན་མ་འདྲཝ་ཡང་ འཐོན་སྲིད་ཟེར་ཨིན་པས།
འཛམ་གླིང་ཤར་ཕྱོགས་དང་ ཨཱཕ་རི་ཀའི་ ཞིབ་འཇུག་སློབ་གྲྭ་གིས་ མཁྱེན་བརྩེ་རིན་པོ་ཆེ་ལུ་ཕུལ་མི་ གཟེངས་བསྟོད་ནང་གསལ་ རྒྱལ་སྤྱིའི་གནས་རིམ་ནང་ ཡོངས་གྲགས་ཅན་གྱི་ ནང་པའི་ཆོས་ཀྱི་ མཁས་དབང་དང་ སློབ་དཔོན་ཆེན་པོ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་འདི་ རིས་མེད་ལམ་སྲོལ་གྱི་དོན་ལུ་ བརྡ་འཕྲོད་མཛད་མི་ གཙོ་བོ་ཅིག་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཛམ་གླིང་གི་ གླིང་ཆེན་མ་འདྲཝ་ཚུ་ནང་ ནང་པའི་སློབ་སྟོན་དང་ སྒོམ་སྡེ་ལྟེ་བ་ཚུ་ གཞི་བཙུགས་གནང་ནི་དེ་གིས་ མཁྱེན་བརྩེ་རིན་པོ་ཆེ་མཆོག་ རྒྱལ་སྤྱིའི་གནས་རིམ་ནང་ ཆོས་སེམས་དང་ བྱམས་བརྩེ་གོང་འཕེལ་གྱི་དོན་ལས་ གཙོ་བོར་བཏོན་གནང་ནི་ལུ་ ཞལ་བཞེས་གྲུབ་པའི་ རྟགས་མཚན་ཅིག་ཨིན་ཟེར་ཡང་བཀོད་ནུག།
དེ་མ་ཚད་ མཁྱེན་བརྩེ་རིན་པོ་ཆེ་གིས་ ལས་ཚོགས་མ་འདྲཝ་ཚུ་ གཞི་བཙུགས་མཛད་གནང་པའི་ཁར་ རྒྱལ་བའི་བཀའ་འགྱུར་ཆེན་མོ་ ཨིང་ལིཤ་ནང་ སྐད་བསྒྱུར་གནང་མི་དང་ ཡོངས་གྲགས་ཅན་གྱི་ གཙུག་སྡེ་ཚུ་ནང་ གསུང་བཤད་གནང་མི་ཚུ་གིས་ དེང་དུས་ཀྱི་ དམ་པའི་ཆོས་ལུ་ ཕན་འདེབས་ཚད་མེད་ཡང་ བྱུང་ཡོད་ཟེར་ཨིན་པས།
རྫོང་གསར་འཇམ་དབྱང་མཁྱེན་བརྩེ་རིན་པོ་ཆེ་མཆོག་ ཡབ་ཞིང་གཤེགས་དམ་པ་ འཕྲིན་ལས་ནོར་བུ་རིན་པོ་ཆེའི་སྲས་ལུ་ སྤྱི་ལོ་ ༡༩༦༡ ལོར་ སྐུ་འཁྲུངས་ཡོདཔ་ད་ མཁྱེན་བརྩེ་རིན་པོ་ཆེ་མཆོག་ རྙིང་མའི་བླ་ཆེན་ དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གི་ ཞལ་སློབ་དང་ བོད་ཀྱི་གཏེར་བཏོན་ འཇམ་དབྱང་མཁྱེན་བརྩེ་དབང་པོ་མཆོག་གི་ རྣམ་སྤྲུལ་ཡང་ཨིན་པའི་གནས་ཚུལ།

Please follow and like us: