
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ རྒྱ་གར་ནིའུ་དིལླི་ལུ་ འཚོགས་གནང་མི་ སྡེ་ཚན་ ༢༠ པ་ཟེར་མི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཚུ་གི་བར་ན་ ཞལ་འཛོམས་གནང་སར་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གི་ གདོང་ཁར་ཡོད་མི་ ངོ་བྱང་དེ་ནང་ བྷ་རཱཏ་ཟེར་ བཀོད་དེ་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་མིང་དེ་ འཛམ་གླིང་ནང་ ཨིན་ཌི་ཡ་ཟེར་ ཡོངས་གྲགས་ཡོད་མི་དེ་ བྷ་རཱཏ་ལུ་ བསྒྱུར་བཅོས་འབད་ནི་གི་ གྲོས་འཆར་ཡོད་པའི་ རྟགས་མཚན་ཨིན་པས།
དེ་ཡང་ བློན་ཆེན་མོ་དི་གིས་ ཞལ་འཛོམས་འགོ་འབྱེད་ཀྱི་ གསུང་བཤད་ནང་ བྷ་རཱཏ་ལུ་ འབྱོན་པ་ལེགས་སོ་ཟེར་ གསུངས་ཡོདཔ་མ་ཚད་ སྡེ་ཚན་ ༢༠ པའི་ ཀི་དེབ་ནང་ཡང་ རྒྱལ་ཁབ་ཀྱི་མིང་དེ་ བྷ་རཱཏ་ཟེར་ བཀོད་དེ་ཡོདཔ་ད་ དེ་སྦེ་ བཀོད་དགོ་མི་དེ་ཡང རྒྱ་གར་གྱི་ རྩ་ཁྲིམས་ཆེན་མོའི་ནང་ར་ བྷ་རཱཏ་ཟེར་ བཀོད་དེ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ འཛམ་གླིང་སྤྱི་ཚོགས་ལས་ ནིའུ་དིལླི་གིས་ མིང་གནས་བསྒྱུར་བཅོས་ཀྱི་ བྱ་སྒོ་ཚུ་ གྲུབ་པའི་ཤུལ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཐོ་བཀོད་ནང་ཡང་ ཨིན་ཌི་ཡའི་ཚབ་ལུ་ བྷ་རཱཏ་སྦེ་ བཀོད་འོང་ཟེར་བཤད་ནུག།
ཞལ་འཛོམས་ཀྱི་ འགོ་འབྱེད་སྐབས་ལུ་ བློན་ཆེན་མོ་དི་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཕྱད་མདའ་ལུ་བརྟེན་ཏེ་ འཛམ་གླིང་ནང་ བློ་གཏད་མར་ཉམས་ཡོདཔ་ལས་ འཛམ་གླིང་ཡོངས་ཀྱིས་ གཅིག་གིས་གཅིག་ལུ་ ཡིད་ཆེས་བསྐྱེད་ནི་ཡོདཔ་ བཟོ་དགོ་པའི་ བརྡ་བསྐུལ་འབད་བའི་ཁར་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་ཤུལ་ལས་ འཛམ་གླིང་ནང་ བློ་གཏད་ཉམས་ཡོད་མི་དེ་ ལྷག་པར་དུ་ ཕྱད་མདའ་ལུ་བརྟེན་ཏེ་ ཉམས་ཡོད་རུང་ ང་བཅས་ཀྱིས་ ཀོ་ཝིཌ་ལས་ རྒྱལ་ཁབ་ཐོབ་དོ་བཟུམ་སྦེ་ བློ་གཏད་ཉམས་པའི་ དཀའ་ངལ་ལས་ཡང་ རྒྱལ་ཁ་ཐོབ་ཚུགས་ཟེར་ཨིན་པས།
ད་རེས་ སྡེ་ཚན་ ༢༠ པའི་ དབུ་ཁྲིད་ཞལ་འཛོམས་དེ་ཁར་ འཛམ་གླིང་ནང་ སྟོབས་ཤུགས་དང་ ཤན་ཞུགས་ཀྱི་ དབང་ཤུགས་ཡོད་མི་ རྒྱལ་ཁབ་ཚུ་གིས་ གྲལ་གཏོགས་མཛད་དོ་ཡོདཔ་ད་ དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་དང་ ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་གིས་གཙོས་པའི་ དབུ་ཁྲིད་ཚུ་གི་བར་ན་ སྲིད་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་དང་ དཔལ་འབྱོར་ཉམས་འགྱོ་མི་ དེ་ལས་ བཟའ་འཐུང་དང་ ནུས་ཤུགས་ཀྱི་ གོང་ཚད་ཡར་སེང་ འགྱོ་མི་ཚུ་གི་སྐོར་ལས་ གསུང་གྲོས་གནངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1264
Users Yesterday : 1303
This Month : 66936
This Year : 295777
Total Users : 1007593
Views Today : 3034
Total views : 2929066
Who's Online : 13